༄༅། །ལྕང་སྐྱེས་རྟ་མགྲིན་ཚེ་བརྟན།

 

 

 

 

ལྕང་སྐྱེས་རྟ་མགྲིན་ཚེ་བརྟན།

 

༄༅།། ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་ནམ་ཁ་བ་ལྕང་སྐྱེས་ནི། སྤྱི་ལོ་ ༡༩༧༢ ཟླ་ ༡ པོའི་ཚེས་ ༦ ཉིན་ལ་བ་ཡན་ཁོ་ཚེ་སྡེ་བར་སྐྱེས་ཤིང་། བྱིས་དུས་ནས་ཕ་མ་གཉིས་སྔ་གཞུག་ཏུ་འདས་པས་ཨ་ནེ་ཆོས་མཚོ་དང་ཨ་ཁུ་དབང་བྷེ་གཉིས་ཀྱིས་གཉོར་སྐྱོང་འོག་དེང་གི་མང་གཞུང་ལྕང་སྡོང་བྱ་བར་ཁྱིམ་གཞི་གནས་སྤོས་ཏེ་གཞི་ཆགས། དེར་ཁུ་བོ་བན་དེ་ལས་བོད་རྒྱ་རྩིས་གསུམ་གྱི་གཞི་རྩའི་རྨང་གཞིའི་ཤེས་བྱ་ལེགས་པར་བཏིངས་བ་དང་། དེའི་རྗེས་སུ་མང་ར་དཀྱིལ་སྙིང་སློབ་གྲྭར་རྒན་རིན་ཆེན་ཐར་དང་རྒན་སྟག་ལྷ་རྒྱལ་སོགས་དགེ་རྒན་བཅུ་ཕྲག་ཅིག་གི་ཞབས་ལ་བསྟེན་ནས་ལོ་ལྔའི་ལམ་ལུགས་ཀྱི་སློབ་ཆུང་སྦྱང་བྱ་དག་ལ་ཧུར་བརྩོན་བྱས། སྤྱི་ལོ་ ༡༩༨༨ ལོའི་ཟླ་ ༩ པའི་ནང་མང་རྫོང་བོད་ཡིག་སློབ་འབྲིང་དུ་སྐྱོར་དཔོན་དངོས་གྲུབ་རྒྱ་མཚོའི་གཟིགས་སྐྱོང་འོག་ནས་སྣ་ཚོགས་རིག་པའི་གནས་དག་ལ་སྦྱངས་ཤིང་དྲི་མེད་སློབ་གསོའི་བདུད་རྩིའི་ངོམས་མེད་དུ་མྱངས་ནས་བློ་སྒོ་ཆེས་ཆེར་ཕྱེས།ཐོག་མ་ཉིད་ནས་བོད་ཀྱི་བྲིས་གཟུགས་ལ་ལྷན་སྐྱེས་ཀྱི་བག་ཆགས་ཟབ་མོ་ཡོད་པའི་ཁར་འབྲི་སྦྱོང་བྱེད་པའི་ཀུན་སློང་ཡང་དག་པ་ཞིག་སྐྱེས་ཏེ་དམའ་འབྲིང་སྐབས་ནས་ཡིག་གཟུགས་སྦྱོང་བའི་གོམ་པ་ཐོག་མ་སྤོས་བ་ཡིན། སྤྱི་ལོ་༡༩༩༠ལོའི་ཟླ་༧པར་ཁུལ་བོད་ཡིག་སློབ་འབྲིང་དུ་རྒྱུགས་འཕྲོད་དེ་རྒན་ཚེ་སྐྱོང་དང་མཚན་དཀར་རྒྱལ།པདྨ་རྒྱལ་གཙོའི་དགེ་རྒན་བཀའ་དྲིན་ཅན་མང་པོའི་ཞབས་ལ་གཏུགས་ནས་མཐོ་འབྲིང་བསླབ་གཞི་ཡོངས་ལ་སློབ་གཉེར་སྦྱངས་ཐོན་དང་ཞོར་དུ་མཁས་དབང་དུ་མའི་ཕྱག་བྲིས་ལ་རང་སྦྱོང་གང་ལེགས་སྒོས་ཡིག་གཟུགས་འབྲི་རྩལ་མཐོ་རུ་བཏང་། དེ་ཡང་༡༩༩༢ལོར་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭར་རྒྱུགས་འཕྲོད་ནས་རྒན་བསོད་དོན་ལགས་ཀྱི་བྱམས་སྐྱོང་འོག་བརྡ་སྤྲོད་དང་སྙན་ངག་རྩོམ་གཞུང་། རྩོམ་འབྲི། རྩོམ་རིག་ལོ་རྒྱུས། དེང་རྩོམ། རིག་གནས་ལྔའི་རྣམ་གཞག། ནང་བསྟན་སྤྱི་བཤད་སོགས་ལ་སློབ་གཉེར་བྱས་པ་ཡིན། ལྷག་པར་དུ་རྒན་མཚོ་སྐྱེས་དོན་གྲུབ་ཚེ་རིང་གི་དབུ་མེད་ཕྱག་བྲིས་ཀྱིས་ཡིད་འཕྲོག་ཅིང་བག་ཆགས་ཟབ་མོ་བཞག། གཞན་ཡང་དགེ་རྒན་ཆེན་མོ་སྐལ་བཟང་བློ་གྲོས་མཆོག་ལ་བསྟེན་ནས་སློབ་སྐབས་གཅིག་གི་རིང་ལ་ཚུགས་ཆེན་དང་འབྲུ་ཚ་དང་འཁྱུག་བྲིས་སོགས་ལ་གསན་སྦྱོང་གནང་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་སྔར་ལས་ལྷག་པར་ངེས་ཤེས་ཟབ་མོ་འཐོབ། ༡༩༩༦ལོར་མཐར་ཕྱིན་ཏེ་མང་རྫོང་བོད་ཡིག་སློབ་འབྲིང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱས་ནས་ད་བར་དུ་མི་ལོ་བཅོ་བརྒྱད་འདས།སྤྱི་ལོ་༡༩༩༨ལོར་སློབ་གྲྭའི་གྱང་ངོས་དང་འཛིན་གྲྭ་སོ་སོའི་སྒོ་སམ་ངོས་སུ་ཡིག་གཟུགས་སྣ་ཚོགས་བྲིས་ཏེ་ཇུས་འགོད་བྱས་པ་ཐོག་མར་དགེ་སློབ་ཁྲོད་དུ་ཤུགས་རྐྱེན་ཅུང་ཙམ་བཞག་པ་དང་། དེའི་རྗེས་སུ་རིམ་གྱིས་གཞུང་སྒེར་དུས་དེབ་དང་ཚགས་པར་སྟེང་ཡིག་གཟུགས་སྣ་རེ་གཉིས་བཀོད་པ་དང་།སྲིད་གཞུང་གི་ཡིག་ཆའི་ཁ་བྱང་སོགས་བྲིས་པ་མ་ཟད།སྤྱི་ལོ་ ༡༩༩༩ ལོར་གོང་རིམ་གྱི་མཛུབ་སྟོན་ལྟར་མང་རྫོང་མཁར་གྲོང་གི་སྒོ་བྱང་ཡོད་ཚད་བོད་ཡིག་གི་ལམ་ནས་བྲིས་ཏེ་གསར་དུ་བརྗེས་པ་ཡིན།སྤྱི་ལོ་༢༠༠༡ལོར་རབ་རྒན་སྡེ་གསར་གྱི་སྒོ་ཆེན་ནང་རོལ་གོང་ངོས་སུ་ཤིས་ཚིག་བྲིས་པ་ལས་གཞན་ད་དུང༼མཆོད་ཡོན།༽སོགས་དུས་དེབ་སྟེང་དུའང་ཡིག་གཟུགས་ཀྱི་བརྩམས་ཆོས་དུ་མ་བཀོད་མྱོང་བ་ཡིན།

 

ཐེངས་དུ་མར་ཁུལ་རྫོང་རིམ་པའི་ཡིག་གཟུགས་འགྲན་བསྡུར་ལ་ཞུགས་ནས་བཟང་བསྟོད་དང་བྱ་དགའ་མང་པོ་བླངས་མྱོང་། སྤྱི་ལོ་༢༠༡༢ལོར་ལོ་ངོ་གཉིས་རིང་ལ་མི་བུ་རང་སྒེར་གྱིས་མ་དངུལ་ངེས་ཅན་ཞིག་བཏང་ནས་སྣ་ཁ་མང་ལ། སྒྱུ་རྩལ་གྱི་རིན་ཐང་བླ་ན་མཐོ་བའི་བྲིས་གཟུགས་སྣ་ཚོགས་བརྒྱད་ཅུར་ཉེ་བ་མང་རྫོང་ས་ཆའི་ཆུང་འབྲིང་སློབ་གྲྭར་འགྲེམ་སྟོན་བྱས་ཏེ་ཡུལ་དངོས་ནས་དགེ་སློབ་ཀུན་གྱིས་དགའ་བསུ་ཐོབ་པར་མ་ཟད།འབྲེལ་ཡོད་མགོ་ཁྲིད་ཀྱིས་ཀྱང་གདེང་འཇོག་ཚད་མཐོར་གནང་བ། དེའི་ཟླ་༦པར་མཚོ་སྔོན་བོད་སྐད་རྒྱང་སྒྲོག་གི་༼ཁ་བའི་ཞབས་རྗེས་།༽ལས་ཚན་དང་བོད་སྐད་རླུང་འཕྲིན་གྱི་༣༧༥ཐད་གཏོང་ཁང་གི་ལས་ཚན་གཉིས་ལས་སྔ་རྗེས་སུ་བོད་ཀྱི་ཆུང་འབྲིང་སློབ་གྲྭའི་ཡིག་གཟུགས་གནས་བབས་དང་འབྲེལ་བའི་་རྒྱུན་ཤེས་སྐོར་ཁ་བརྡ་བ༢༠༡༢ལོའི་ཟླ་༢པའི་ཚེས་༡༩ཉིན་ལ་མཚོ་སྔོན་མི་རིགས་སློབ་ཆེན་དུ་རང་གིས་ལོ་གཅིག་རིང་ལ་གསར་རྩོམ་གནང་བའི་ཡིག་གཟུགས་སྣ་འདུས་ཤོག་དྲིལ་རིང་མོ་རྨིད་༡༢༠ཡོད་པ་ཞིག་ལེགས་འགྲུབ་བྱུང་ནས་འགྲེམ་སྟོན་བྱས་པ་མ་ཟད།༢༠༡༣ལོའི་མང་རྫོང་ས་གནས་ཀྱི་བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོའི་སྟེང་ལ་ཕ་ཡུལ་གྱི་རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱི་སྤྱན་སྔར་འགྲེམ་སྟོན་བྱེད་ཐུབ་པ་བྱུང་བ་མ་ཟད། ༢༠༡༤ལོའི་མང་རྫོང་གཙགས་དྲུབ་རིག་གནས་དུས་ཆེན་དང་༢༠༡༥ལོའི་བདུན་གཅིག་དུས་ཆེན་སྟེང་ལ་ཨང་དང་པོའི་བྱ་དགའ་འཐོབ་པ་མ་ཟད། མཚོ་སྔོན་པོའི་དྲ་བ་དང་ཁམས་པའི་བོད་ཀྱི་དྲ་བ། མཚོ་ལྷོ་ཚགས་པར་དུའང་རང་གི་ཡིག་གཟུགས་ཀྱི་ལོ་རྒྱུས་རགས་བསྡུས་དང་བརྩམས་ཆོས་སྦྲགས་མར་བཀོད་ཡོད། 2012ལོའི་ཟླ7པར་ཡིག་གཟུགས་སྣ་ཁ་བཞི་རྐང་ཚ་རྫོང་སྲིད་གཞུང་གིས་བསྒྲུབ་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནང་དོན་བྱས་པའི་རྡོ་བརྐོས་ཡིག་གཟུགས་སྒྱུ་རྩལ་དུ་འདམས་ནས་བརྐོས་ཡོད།༢༠༡༥ལོའི་ཟླ༧པའི་ནང་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་༼ཐོན་མིའི་ཡིག་རྒྱུན༽ཡིག་གཟུགས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་གཙང་བྲིས་དང་སྙེ་བྲིས། གཞུང་བྲིས། བཀའ་བརྒྱུད་བྲབ་བྲིས། ནང་བྲིས་ནོར་བུ་མ། སྡེར་ནང་ས་བྲིས་སོགས་ཡིག་རྒྱུན་མི་འདྲ་བ་བརྒྱད་ཀྱི་མན་ངག་ཁུངས་དང་བཅས་པ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་སྦྱངས་ཤིང་སྟེང་སྦྱངས་ནས་མཐར་ཕྱིན་དཔང་ཡིག་ཀྱང་བླངས་ཡོད།ད་བར་མཚོ་ལྷོ་སྐབས་གཉིས་པའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཚོགས་མི་དང་མང་རྫོང་གི་《མང་ཆུ》དུས་དེབ་ཀྱི་རྩོམ་སྒྲིག་པ།བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་མཁན་ཆོ་ལོ་འཐོབ་པའི་མི་སྣ།མང་རྫོང་བོད་ཡིག་སློབ་འབྲིང་གི་ཡིག་གཟུགས་མཛུབ་སྟོན་དགེ་རྒན་བཅས་ཡིན།གཞན་ཡང་རང་གི་གསར་རྩོམ་སྙན་ངག་༼གསང་བའི་ངུ་འབོད༽༼སྙིང་རྗེ་ན་རྗེ་རྒྱུ་གན་ན་ཡོད།༽༼སྐྱེ་རྒུའི་ཚད་བརྒལ་འཕྱོར་གོས་ཡང་རོ་ལངས་བརྒྱབ་བྱུང་༽༼བདེན་གཤིས་བོར་བའི་ཕ་ཡུལ་གྱི་ལོ་ཟླ༽༼ཀ་བཤད་གསོར་འབིགས་མ༽༼རླབས་ཀྱིས་བརྡེག་པའི་འོད་ཀྱི་རྡོ་རིང་ཞིག༽༼ཁེར་རྐྱང་གི་ཆིག་ལབ༽༼དགྱེས་འཛོམས་སེམས་ཀྱི་མཆོད་པ༽༼སློབ་མའི་ཉིན་ཐོ་ལས་བྱུང་བའི་བསམ་གཞིགས༽བསྒྱུར་རྩོམ་ལ་༼མཱ་ཁི་ཐོའུ་ཝུན་དཀའ་ཁག་བརྒལ་བའི་ཟིན་ཐོ༽དང་།ཡིག་གཟུགས་དཔྱད་བརྗོད་རྩོམ་ཡིག་ལ༼ཡིག་གཟུགས་འབྲི་ཚུལ་གྱི་དགོས་བ་གླེང་པ༽༼ཡིག་གཟུགས་ཀྱིས་བྱིས་པའི་འབྱུང་འགྱུར་གྱི་མི་ཚེ་ལ་ཤུགས་རྐྱེན་ཐེབས་ཐུབ༽༼ཡིག་གཟུགས་དང་མི་གཞི༽སོགས་དང་། ཡིག་གཟུགས་ཀྱི་བརྩམས་ཆོས་སྐོར་ལ་༼ཡིག་གཟུགས་བདམས་བཀོད༽༼ལྕང་སྐྱེས་རྟ་མགྲིན་ཚེ་བརྟན་གྱི་ཡིག་གཟུགས་ལེགས་བཀོད༽སོགས་མཚོ་ལྷོ་ཚགས་པར།ཨ་མདོ།ཨ་མདོའེ་རྣམ་ཤེས།ཁྲི་གཤོག་སྙེ་མའི་རྩོམ་རིག་འཕྲིན་སྟེགས།ཁ་གྱའི་ཁྱུང་སྔོན་རྩོམ་རིག་འཕྲིན་སྟེགས།བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཕྲིན་སྟེགས།འབྲོང་ཕྲུག་རྩོམ་རིག་འཕྲིན་སྟེགས།ཨ་མྱེས་རྨ་ཆེན་འཕྲིན་སྟེགས་སོགས་སུ་བཀོད་ཡོད།ཁ་རྩང་དེ་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ཡིག་གཟུགས་རིག་གནས་འདི་ཉིད་མི་ཉམས་གོང་འཕེལ་དུ་གཏོང་བར་བྱ་མདོ་དཀྱིལ་སྙིང་སློབ་གྲྭར་ཡིག་གཟུགས་ཀྱི་དགའ་ཕྱོགས་འཛིན་གྲྭ་ཞིག་ཀྱང་བསྒྲུབ་ཞོར་ཏུ་སློབ་རའི་རིག་གནས་ཀྱི་བྱ་བ་བསྒྲུབ་བཞིན་ཡོད།།།། རྫོགས་སོ།