༄༅།། ཟུར་གཙང་གཡང་འབུམ།།

 

  ࿑   ཟུར་གཙང་གཡང་འབུམ་མམ་སྒྱུ་རྩལ་ཀུན་བཏགས་ཀྱི་མིང་ལ་ཨ་མདོ་སྐེམ་པོ་ཟེར་བ་ཁོང་ནི་༡༩༨༠ལོར་མདོ་སྨད་གཅན་ཚ་རྫོང་གི་སྣང་རའི་གྲོང་བརྒྱད་ཀྱི་སྡེར་གཏོགས་པའི་ཤིང་སྒར་གྲོང་ཚོའི་ཟུར་གཙང་ཚོ་བ་རུ་སྐྱེས།ཆུང་དུས་ནས་ས་དེ་གའི་སློབ་ཆུང་དང་སློབ་འབྲིང་འགྲིམ་པའི་སྐལ་བ་ཐོབ། སྔ་ཕྱིར་ཀོས་ནན་རྫོང་བོད་ཡིག་སློབ་འབྲིང་དང་མཚོ་ལྷོ་ཁུལ་འཕྲོད་བསྟེན་སློབ་གྲྭ།མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་།བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་སོགས་སུ་འགྲིམས་ནས་གསོ་རིག་གཙོས་པའི་རིག་གནས་ཆེ་ཆུང་ལ་སྦྱངས་པ་ལྷོད་མེད་གནང་།༡༩༩༥ལོ་ནས་བཟུང་དབུས་གཙང་ཕྱོགས་ཀྱི་ཡིག་མཁན་འཕྲིན་དགའ་ལགས་དང་། ཆོས་འཕེལ་ལགས།རྡོ་སྦིས་གྲགས་པ་སོགས་ཀྱིས་ཕྱག་བྲིས་གནང་བའི་བོད་ཡིག་གི་ཡིག་གཟུགས་དཔེ་གཞི་ཞེས་པ་དང་བོད་ཡིག་གི་དཔེ་གཟུགས་སོགས་ཚད་ལྡན་གྱི་བྲིས་རྒྱུན་ལ་སྦྱངས་པ་ནན་ཆེར་བྱས་ཤིང་།ལྷག་པར་གཙང་བཀྲིས་ལྷུན་པོར་བཞུགས་པའི་༸དགེ་མིང་འཛིན་པ་ལྷ་ཁང་བློ་བཟང་རྡོ་རྗེ་དང་རྨེ་རུ་དགོན་དུ་བཞུགས་པའི་༸སྙེ་མོ་བ་བཀྲ་ཤིས་དོན་གྲུབ།གཞན་ཡེ་ཤེས་ངག་དབང་སོགས་ཀྱི་དྲུང་དུ་སྨྱུ་གུ་བཟོ་ལུགས་ནས་བརྩམས་ཏེ་ཀ་ཁ་དང་ཟློས་ཧྲལ།ཚུགས། འཁྱུགས།སྙེ་བྲིས་སོགས་ལ་མཐོང་བརྒྱུད་ཕྱག་ལེན་བཞིན་ལོ་མང་སྦྱངས་པས་གྲུབ་འབྲས་ཆེན་པོ་ཐོབ།སྔ་གཞུག་ཏུ་༼བོད་ཡིག་འབྲི་ཚུལ་བློ་གསར་མིག་འབྱེད་༽དང་༼བོད་ཀྱི་ཡིག་གཟུགས་སྤྱི་རྣམ་༽༼བཀྲས་ལྷུན་དགོན་གྱི་བྲིས་རྒྱུན་བློ་བཟང་དགྱེས་པའི་མཆོད་སྤྲིན་༽སོགས་དཔར་བསྐྲུན་འགྲེམས་སྤེལ་བྱས།༢༠༡༣ལོར་རྒྱལ་ཡོངས་སློབ་ཆེན་སློབ་མའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་ཞེས་པའི་བོད་ལྗོངས་འགྲན་ཁུལ་གྱི་མི་བཅུའི་ཁོངས་སུ་བདམས་ཐོན་བྱུང་བ་དང་ཡིག་གཟུགས་འགྲན་བསྡུར་ཐེངས་གསུམ་ལ་བསྟུད་མར་ཨང་དང་པོའི་གོ་གནས་ཐོབ།ཁོང་ནི་ཨ་མདོའི་ཡུལ་གྱི་མཐོང་བརྒྱུད་ཕྱག་ལེན་ཡོད་པའི་གཞན་དྲིང་མི་འཇོག་པའི་ཡིག་མཁན་ཞིག་ཡིན་ལ།སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་། མི་སྒེར། སྤྱི་ཚོགས་སྟེང་གི་སྡེ་ཁག་སོ་སོར་ཡིག་གཟུགས་བརྩམས་ཆོས་ཁྱབ་སྤེལ་གྱི་ཞོར་ལ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་སློབ་ཚན་གལ་ཆེན་ཞིག་ཡིན་པའི་ཐ་ཚིག་བསྒྲགས་ནས་མི་ཉམས་གོང་སྤེལ་གྱི་ཆེད་དུ་རྩོམ་ཡིག་དང་གཏམ་བཤད།བཅར་འདྲི་སོགས་གང་མང་སྣེ་ལེན་བྱས་ལ། དཔེ་མཁྱུད་དང་ང་རྒྱལ་མེད་པར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལས་དོན་སྣ་ཚོགས་སྒྲུབ་མུས་སུ་མཆིས།

 


 

༢ ཨ་མདོ་སྐེམ་པོའི་ཡིག་གཟུགས་འགྲེམ་བཀོད།