༄༅།། བཀྲ་ཤིས་ནོརྦུ།

 

༈  བཀྲ་ཤིས་ནོར་བུ།   པིར་མིང་ལ་འདན་མ་བཀྲ་དགའ་དང་། ༡༩༧༢ ལོར། ཚ་ཞང་འདན་མ་བྱང་ཁྲའི་ཕ་ས། འབྲི་ཆུ་དལ་ལ་འབབ་པའི་ཉིན་སྲིབ་གཉིས་ལས། འབྲི་ཉིན་ཁམས་ཕྱོགས་གླང་ཐང་སྒྲོལ་མ་ལྷ་ཁང་གི་ཉེ་འདབས་སུ་ཕ་པད་མ་ནོར་བུ་དང་མ་ལམ་སྐྱིད་སྒྲོན་གྱི་བུ་རུ་ཞིང་པ་ཕལ་པའི་ཁྱིམ་དུ་སྐྱེས། རང་ལོ་བདུན་གྱི་སྐབས་སློབ་ཆུང་འགྲིམས་ནས་བྱམས་ལྡན་གྱི་དགེ་རྒན་རྣམས་ཀྱི་ཐུགས་རྗེ་ལས་འབྲི་ཀློག་གི་འགོ་ཚུགས། ༡༩༨༥ ལོར་རྒྱུགས་འབྲས་བཟང་པོ་ཐོབ་ནས་སེར་ཤུལ་རྫོང་སློབ་འབྲིང་ལ་ཞུགས། ༡༩༨༩ལོར་འབྲིང་རིམ་རྒྱུགས་ལེན་ཁྲོད་རྒྱུགས་འབྲས་ཡག་པོ་ལོན་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད། འབྲིང་རིམ་ལོ་བཞིའི་སློབ་སྦྱོང་ཁྲོད་རིག་གནས་ཆེ་ཆུང་ལ་ཤེས་རྟོགས་ཀྱི་གོ་སྐབས་ཐོབ། ཁྱད་པར་དུ་བོད་ཀྱི་ཡིག་གཟུགས་སྐོར་ལ་སྦྱོང་བ་ཆེན་པོ་བྱས་པས་གཡུལ་ཟའི་འབྲས་བུ་ཐོབ། སློབ་མཐར་ཕྱིན་སྐབས་སྟེས་དབང་གིས་མཚོ་སྔོན་ཡུལ་ཤུལ་དུ་དགེ་རྒན་གྱི་བྱ་ལས་ ཞུགས་པའི་སྐལ་བ་ལྡན་པས།རང་གི་རེ་མོས་ལྟར་ཡུལ་ཤུལ་མི་རིགས་དགེ་ཐོན་སློབ་གྲྭར་དགེ་རྒན་གྱི་འགན་བཞེས། དེ་ནས་བཟུང་། སློབ་མ་རྣམས་ལ་བོད་ཀྱི་ཡིག་གཟུགས་ཚད་ལྡན་གྱི་སློབ་ཁྲིད་འགོ་ཚུགས། ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་སློབ་མ་སྟོང་ཕྲག་ལྷག་ལ་ཡིག་གཟུགས་ཀྱི་སློབ་ཁྲིད་བྱས། དེའི་ནང་ནས་བྲིས་གཟུགས་ཐད་མིང་དོན་མཚུངས་པའི་དགེ་རྒན་བརྒྱ་ཕྲག་ལྷག་གསོ་སྐྱོང་བྱས།
  ༢༠༠༢ལོར་ནུབ་བྱང་མི་རིགས་སློབ་ཆེན་ལ་ཞུགས་ནས་ལོ་ངོ་གསུམ་གྱི་རིང་སློབ་སྦྱོང་
བྱས་ནས་ཕྱོགས་ཡོངས་ཀྱི་ཆུ་ཚད་ཇེ་བརྟན་བཏང་།
  ༢༠༡༣ལོའི་ཟླ་བ་་ལྔ་བར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བྲིས་གཟུགས་རི་མོ་ལྷན་ཚོགས་བཙུགས་ནས་ཚོགས་གཙོའི་འགན་བཞེས།
  ༢༠༡༡ནས་༢༠༡༤བར་སློབ་གསེང་དང་དབྱར་དགུན་གུང་གསེང་གི་དུས་ཚོད་བཀོལ་ཏེ་བྲིས་ཆོས་༢༠༠ལྷག་དང་རིང་ཚད་ལ་རྨིས་༢༥ཡོད་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆ་ཚང་དང་རིང་ཚད་རྨིས ༡༢༡ཡོད་པའི་ས་སྐྱ་ལེགས་བཤད་ཆ་ཚང་བཅས་ལེགས་འགྲུབ་བྱུང་ནས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་ཁུལ་སློབ་འབྲིང་གིས་ཉར་ཚགས་བྱས་ཤིང་། ས་སྐྱ་ལེགས་བཤད་ཀྱི་བྲིས་ཆོས་དེ་     ། ༢༠༡༤ ལོར་འཛམ་གླིང་གི་ཇེ་ཉི་ཟིའི་ཟིན་ཐོར་བཀོད།

མདོར་ན་ལོ་ངོ་༢༥ རིང་ལ་བོད་ཀྱི་ཡིག་གཟུགས་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་གཡེང་ལྷོད་མ་བཏང་བར་འབད་པ་བྱས། མ་འོངས་པའི་ལོ་ཟླའི་ཁྲོད་དུ་རང་ཉིད་ཀྱི་ནུས་པ་ཡོད་ཚད་རྩལ་དུ་སྤྲུགས་ནས་བོད་ཀྱི་ཡིག་གཟུགས་ལ་ཞིབ་འཇུག་དང་སློབ་སྦྱོང་ལྷོད་མེད་བྱེད་རྒྱུའི་དམ་བཅའ་ཡོད།།