༄༅།། དཔལ་བསྡུས།

  

  ༈    དཔལ་བསྡུས་ལགས་ནི  ༡༩༦༦ལོར་ཁམས་སྡེ་དགེ་ཡིད་ལྷུང་དུང་འབྲུག་སྡེ་བ་རུ་སྐྱེས་ཤིང་འཚར་ལོངས་བྱུང་། ཆུང་དུས་ནས་རིག་པ་རྣོ་ཞིང་གསལ་བ་དང་། རང་གི་ཞང་པོའི་མདུན་ནས་བོད་ཡིག་གི་འབྲི་ཀློག་ལེགས་པར་བསླབས། རང་ལོ་བཅུ་དྲུག་སྟེ༡༩༨༡ལོ་ནས་སྡེ་དགེ་རྫོགས་ཆེན་དུ་ཐོག་མར་གསར་འཛུགས་བྱས་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་རྒྱུགས་འཕྲོད་དེ་སློབ་སྦྱོང་ལ་ཞུགས། དེ་ནས་ཁོང་ཉིད་ཀྱིས་རྙེད་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་བཟང་པོར་དམ་འཛིན་བྱས་ཏེ་བློ་རིག་པ་ནང་དུ་བཀུག་ཅིང་། དགོང་ཕྱི་ཉལ་དང་ནངས་སྔ་ལངས་ཀྱིས་རང་འཁྲིའི་སློབ་སྦྱོང་ལ་བརྩོན་པ་དགུ་འགྱུར་བསྐྱེད་དེ། དགེ་བའི་བཤེས་གཉེན་ཆེན་མོ་མཁན་པདྨ་ཚེ་དབང་ལྷུན་གྲུབ་དང་།མཁན་སྐུ་ནུབ་འོད་ཟེར། མཁན་དིས་ཆུང་བློ་ཆོས་སོགས་ཀྱི་ཞབས་ལ་གཏུགས་ཏེ་བོད་ཀྱི་ཐུན་མོང་གི་རིག་གནས་སྤྱི་དང་། ཁྱད་པར་དུ་ནང་དོན་རིག་པའི་སྐོར་དང་། བྲིས་ས་རིས། འབྱུང་རྩིས་དང་སྨན་སོགས་ལ་དཔྱིས་ཕྱིན་པ་སྦྱངས། ༡༩༨༦ལོར་སློབ་མཐར་རྗེས་སློབ་གྲྭ་རང་མལ་ནས་དགེ་རྒན་གྱིས་ཕྱག་ལས་གནང་། སློབ་མ་སྟོང་ཕྲག་མང་པོར་བོད་ཀྱི་བྲིས་གཟུགས་དང་སྙན་ངག སྨན་རྩིས། བརྡ་སྤྲོད་རིག་པ་སོགས་ཀྱི་སློབ་ཁྲིད་མཛད། དེང་རབས་ཀྱི་སྤྱི་ཚོགས་སུ་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་གནང་ཤིང་། ད་ལྟ་ཞིབ་འཇུག་པ་དང་སྲིད་འཛིན་འགོ་ཁྲིད། དགེ་རྒན་སོགས་ཀྱི་ལས་ཀ་སྒྲུབ་བཞིན་ཡོད། ཁྱད་པར་དུ་བྲིས་གཟུགས་དང་འབྱུར་རྩིས་སོགས་ལ་ཕུལ་དུ་བྱུང་བའི་སློབ་མ་མང་པོ་གསོ་སྐྱོང་གནང་ཡོད། དེ་བཞིན་སློབ་ཁྲིད་ཀྱི་ཞོར་དུ་བོད་ཀྱི་གསོ་བ་རིག་པ་དང་།ཡིག་གཟུགས་དང་མཛེས་རིས་སློབ་ཁྲིད་ཞིབ་འཇུག་སྡེ་ཁག་གི་སྡེ་གཙོ་ཡི་འགན་བཞེས་ཡོད། ནམ་རྒྱུན་ཁོང་གིས་ད་དུང་སློབ་ཁྲིད་ཀྱི་ཟུརདང་གུང་གསེང་གི་དུས་ཚོད་སྤྱད་དེ་མཚོ་སྔོན་གྱི་མགོ་ལོག་དང་དཀར་མཛེས་ཁུལ་གྱི་སྡེ་དགེ་དང་དར་མདོ་སོགས་སྤྱི་ཚོགས་སྟེང་གི་སེར་སྐྱ་ཕོ་མོ་བརྒྱ་ཕྲག་མང་པོ་ལ་སྒོར་མོ་སོགས་ཀྱི་རྔན་པ་མི་ལེན་པར་བྲིས་གཟུགས་དང་རྩིས་ས་རིས་སོགས་རིག་གནས་གང་དགོས་སློབ་བཞིན་ཡོད། ཁོང་གིས་བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་མི་རིགས་རང་གི་ཁྱད་འཕགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བ་ལ་མཛད་རྗེས་བཞག་པ་དང་། གཞོན་སྐྱེས་ན་ཆུང་དག་ལ་བུམ་པ་གང་བྱོའི་ཚུལ་གྱིས་རིག་གཞུང་དང་བདུད་རྩིའི་ཐིགས་པ་ཆད་མེད་དལ་འགྲོའི་རྒྱུན་ལྟར་སྩོལ་བཞིན་ལགས། སྔ་རྗེས་སུ་ཁོང་གིས་ཡི་གེའི་རྣམ་བཤད་སེང་གེའི་ང་རོ་ཞེས་པ་བརྩམས་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། བོད་ཀྱི་གསོ་རིག་རྒྱུད་བཞི་གསུངས་པ་པོར་དཔྱད་པ་དང་། བོད་ཀྱི་སྤྱི་སྐད་སྤྱོད་ཐབས་ཀྱི་འཆར་སྣང་། བོད་མིང་དངོས་འོད་ཡིན་པར་དཔྱད་པ་སོགས་ཀྱི་དཔྱད་རྩོམ་བརྒྱ་ཕྲག་ལྷག་མཛད་ཅིང་གཞུང་སྒེར་གཉིས་ཀྱི་དུས་དེབ་ཏུ་བཀོད། ཞོར་དུ་འབྱུང་རྩིས་ཨུཏྤལ་སྔོན་པོ་དང་གེ་སར་སྒྲུང་ཡིག་ལས་ཨ་ཡན་སྙན་རྒྱལ་སོགས་རྩོམ་སྒྲིག་གནང་། ༢༠༠༥ལོར་སྡེ་དགེ་བྲོ་ཆེན་གྱི་ཚིག་དང་སྡེ་དགེའི་དམངས་གླུ་སྟོང་ཕྲག་ལྷག་ཡི་གེར་ཕབ་སྟེ་དཔེ་སྐྲུན་བྱས། ཡིད་ལྷུང་གཡག་ཟེ་དགོན་པའི་ལོ་རྒྱུས་ཆ་ཚང་པོ་གཅིག་དང་། བོད་ཀྱི་བྲིས་གཟུགས་ཐུ་མི་རྗེས་དྲན་གངས་ཅན་ཡིག་གཟུགས་མ་ཕྱི་ཞེས་པ་གཉིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

ཁོང་དེང་སྐབས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་གྱི་འགན་ཁུར་དང་།  དུས་དང་རྣམ་པ་ཀུན་ཏུ་མི་རིགས་རང་གི་སྐད་ཡིག་འཕེལ་རྒྱས་ལ་ནུས་པ་འདོན་གང་ཐུབ་དང་ཐུན་མོང་མ་ཡིན་པའི་ཕུལ་བྱུང་གི་རིག་གནས་འདི་ཉིད་དེ་བས་རྒྱ་བསྐྱེད་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ལ་རང་ནུས་ཅི་འཇོན་གྱིས་བརྩོན་པར་བསྟེན་ཅིང་། རྒྱལ་ཁབ་དང་མི་རིགས་ལ་སྲི་ཞུའི་ནུས་པ་ཐོན་པའི་དེང་རབས་ཀྱི་ཤེས་ལྡན་ཤེས་རིག་གི་བློ་རྒྱ་ཡངས་ཤིང་། རྣམ་དཔྱོད་ཀྱི་རྩལ་དྲུག་ལྡན་པའི་ན་གཞོན་མང་པོ་གསོ་སྐྱོང་གི་ལས་ལ་བྲེལ་བཞིན་པའི་སྒང་ལགས་སོ། །