Tibetan calligraphy

 

 

༄༅།         །མི་ཕམ་རྣམ་རྒྱལ་རྒྱུ་རྩལ་ཁང་གིས།  བོད་ཀྱི་ཡིག་གཟུགས་འདྲ་མིན་བརྒྱ་ལྷག་ཙམ་འཚོལ་བསྡུས་དང་།  དེ་དག་ལ་ཁྱད་ཆོས་ལྡན་པའི་གོང་གཤམ་གྱིས་མཇེ༹ས་རྒྱན་སྤྲས་ཏེ་བཤམ་སྟོན་བྱེད་ཆོག་ཆོག་གནང་བ་མ་ཟད།  དེ་སྔོན་མ་ལེ་ཤེའི་ཡཱ་དང་།  སེངྒ་པོར།  པེ་ཅིང་།  ཧྲང་ཧེ།  ཧེ་ནའན་དཱོ།  གང་ཀྲོའུ།  མཚོ་སྔོན་ཁུལ།  ཨ་རི་ནེའུ་ཡོག  སན་ཧྥའི་རན་སི་སི་ཀོའོ།  ཁྲེང་ཏུའུ།  ཐེ་ཝན་ཐེ་པེ་སོགས་ལ་འགྲེམས་སྟོན་གནང་མྱོང་བ་དེས། བོད་ཀྱི་རིག་གཞུང་གི་རྒྱབ་ལྗོངས་དང་། སྒྱུ་རྩལ་གྱི་གདོང་པ་དངོས་སུ་མཇལ་བས་ཤེས་ལྡན་མང་པོའི་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་ཡོད་པ་རེད། 

          ད་དུང་ང་ཚོས་གནས་སྐབས་བཀྲམ་སྟོན་ཙམ་མིན་པར་སྒྱུ་རྩལ་ལ་མོས་པའི་སྐྱེ་བོ་རྣམས་ལ།  ཡི་གེ་དང་རི་མོའི་སྒྱུ་རྩལ་མང་པོ་མཁོ་འདོན་ཕྱིར་ཚོང་བྱས་དང་བྱེད་བཞིན་པ་དེས།  བོད་ཀྱི་སྒྱུ་རྩལ་ཉམས་པ་སོར་ཆུད་དང་།  མི་ཉམས་གོང་དུ་སྤེལ་བའི་ཆ་རྐྱེན་ཞིག་བསྐྲུན་བཞིན་ཡོད།  འདི་ལྟར་སྒྱུ་རྩལ་གསོན་པོ་དང་།  མི་རིགས་ཀྱི་རིན་ཐང་མཚོན་པའི་རིག་གནས་སྒྱུ་རྩལ་ལ་དགའ་མོས་དང་།  ཕྱག་ལས་གནང་འདོད་ཡོད་རིགས་ཀྱིས་ངེད་ལ་འབྲེལ་བ་གནང་བར་དགའ་བསུ་དང་།   ཕྱར་གྲུ་མཉམ་འངེགས་བྱེད་ངེས།།

 

        མང་མང་ནོར་གྱིས་ཕྱུག་འདོད་ཁོ་ན་མིན།  །སྙན་སྙན་གཏམ་གྱིས་གྲགས་འདོད་དེ་བས་མིན།  །

        གངས་ལྗོངས་བོད་ཀྱི་ཐུན་མིན་སྒྱུ་རྩལ་འགའ།  །མི་ཉམས་གོང་དུ་སྤེལ་འདོད་ཁོ་ནའོ།  །

   

 

       ࿑   བཀའ་བརྒྱུད་བྲབ་བྲིས་ཀྱི་མཚམས་སྦྱོར་མདོར་བསྡུས།།

 

     བསྟན་པ་ཕྱི་དར་སྐབས་ལོ་ཆེན་རིན་ཆེན་བཟང་པོ།  ༩༥༨-༡༥༥ དང་།  སྒྲྭ་བསྒྱུར་མར་པ་ལོ་ཙཱའི་། ༡༠༡༢-༡༠༩༧  སྐུ་དུས་སུ།  རྒྱ་དཔེ་མང་པོ་བོད་ཡིག་ཏུ་བསྒྱུར་ཞིང་དཔེ་ཚོགས་ཡིག་ཐོག་ཏུ་འབེབས་བདེ་བའི་ཕྱིར།  སྔར་ཡོད་བོད་ཀྱི་ཡིག་གཟུགས་རྣམས་ལེགས་བསྡུས་ལས།  ལེགས་ལུགས་ཞེས་པའི་བྲིས་རྒྱུན་ནས་འཕྲོས་ཏེ།  དཔེ་ཚུགས་ཀྱི་ཡིག་གཟུགས་འདི་ལྟར་གསར་གཏོད་བྱུང་།  འདིའི་ཁྱད་ཆོས་ནི་རྐང་པ་ཐུང་བས་འབྲི་མགྱོགས་པ་དང་།  ཡིག་ཚག་དམ་པས་ཤོང་ཚད་ཆེ་བ།  གསུང་རབ་པུཏྐི་དང་།  རྣམ་ཐར།  རྟོགས་བརྗོད།  ལྷ་སྒྲུང་སོགས་རྒྱུན་སྤྱོད་བདེ་བ་དང་།  ལྷག་ཏུ་ཁམས་ཕྱོགས་སུ་བཀའ་བརྒྱུད་པའི་ཆོས་དཔེ་རྙིང་པ་མང་པོ་ཡིག་གཟུགས་འདིའི་ཐོག་ཏུ་བཞུགས་ཡོད་པ་མ་ཚད།  མི་ལོ་དགུ་བརྒྱ་ལྷག་གི་རིང་བཀའ་བརྒྱུད་པའི་བླ་སྤྲུལ་མང་དག་ཞིག་གིས་ཡིག་གཟུགས་འདི་རྒྱུན་མ་ཆད་པར་སྤྱོད་བཞིན་ཡོད་པར་མངོན།  དེར་བརྟེན་བཀའ་བརྒྱུད་བྲབ་བྲིས་ཞེས་ཡོངས་སུ་གྲགས།

ང་ཚོས་ཤེས་གསལ་ལྟར་ན་མི་རབ་ལྔའི་བྲིས་རྒྱུན།  ༡  འབྲུག་སྤྲུལ་ཀུན་དགའ་ཚུལ་ཁྲིམས།  ༢  འབྱོ་ཁྱུང་སྤྲུལ།  ༣  གོང་པ་བྱང་ཆུབ།  ༤  འཚོ་མཛད་བྱམས་མཆིས།  ༥  འབྲུག་པ་མི་ཕམ་རྣམ་རྒྱལ་བཅས་སོ།  རྩ་བའི་ཞལ་རྒྱུན་གཅིག་པ་སྟེ།   ཁྱད་ཆོས་ཚང་དགོས་པ་ནི་ཁམ་དང་སྤུ་ཤད་གཉིས་ཡིན་ལ།  སྨྱུག་ཁ་གསེག་མེད་ཀྱིས་འབྲི་ཆོག།

  སྔ་རབས་ཀྱི་བྲིས་རྒྱུན་རྣམས་ལུང་ཚན་མ་འདྲ་བའམ།  གང་ཟག་སོ་སོའི་སོར་མོས་འདུ་བྱེད་ཀྱི་ཁྱད་པར་ལས་འཕྲོས་པས་མ་འདྲ་བ་ཅུང་ཟད་རེ་ཡོད་ཀྱང་།  དེ་དག་ལ་ཡུན་རིང་རྒྱུས་ལོན་དང་སྦྱང་བརྩོན་བྱས་པའི་གྲུབ་འབྲས།  ལེགས་བསྡུ་གང་ཐུབ་ཀྱིས་བྲིས་དཔེ་རུ་བཀོད་པ་འདི་ཡིས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་ཞལ་འདེབས་ཅུང་ཟད་ཡོང་རེ་དང་།  མ་ཟང་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་སྨོན།།