࿑ བྲིས་ཀྱི་གཅེས་ནོར་བཅོ་བརྒྱད།

 

    ཇི་སྐད་དུ་ཡིག་བཤད་ལས། སྣག་ཀོང་མཚལ་ཀོང་སྤྱིན་ཀོང་དང་། །སྣག་ཚ་མཚལ་དང་དྭངས་སྤྱིན་གསུམ། །སྨྱུ་གུ་སྨྱུག་གྲི་གསེག་སྦུབ་གསུམ། །ཁམ་བྲེག་ཐིག་ཤིང་མཐེབ་གདན་གསུམ། །གཟི་དང་དབུར་གླེགས་སྤུ་ཆོད་གསུམ། །ལྕགས་ཀྱོང་འཇམ་བརྡར་ཏིལ་མིག་གསུམ། །དྲུག་གསུམ་བཅོ་བརྒྱད་ཉེར་མཁོའི་རྫས། །ཞེས་བསྟན་པ་ལྟར། བོད་ཀྱི་ཡིག་མཁན་ལ་མཁོ་བའི་བོད་ཡིག་འབྲི་བའི་གཅེས་ནོར་བཅོ་བརྒྱད་ནི། སྣག་ཚའི་སྣག་ཀོང་ངམ་སྣག་བུམ་དང་། མཚལ་གྱི་མཚལ་ཀོང་། སྤྱིན་གྱི་སྤྱིན་ཀོང་། ཡི་གེ་བྱིངས་འབྲི་བའི་སྣག་ཚ། མཚལ་ཡིག་འབྲི་བའི་མཚལ། སྣག་ཚར་བསྲེ་བྱེད་དྭངས་སྤྱིན། སྨྱུ་གུ། སྨྱུག་ཁ་གཏོད་བྱེད་སྨྱུག་གྲི། སྨྱུ་གུའི་བླུགས་སྣོད་གསེག་སྦུབ། ཤོག་བུ་བྲེ་ཆེན་གཏུབ་བྱེད་ཁམ་བྲེག ཐིག་འདེབས་བྱེད་ཐིག་ཤིང་(དེ་ལའང་ཤོག་བུ་གཏུབ་དུས་ཐིག་གཏོང་བྱེད་ཀྱི་ཐིག་ཤིང་རིང་མོ་དང་ཡི་གེའི་ཐིག་གཏོང་བྱེད་ཐུང་ངུ་གཉིས་)། ཤོག་ལས་ཀྱིས་མཐེ་བོང་ལ་མི་གཟན་པའི་མཐེབ་གདན། ཤོག་བུར་འོད་འབྱིན་བྱེད་རབ་ལ་གཟི་དང་། མ་འབྱོར་ན་དུང་དང་མཆོང་དང་གཡག་རྭས་ཀྱང་རུང་ཙམ། འོད་གཏོང་དུས་འོག་ཏུ་གདིང་བའི་དབུར་གླེགས། ཤོག་བུ་སྤུ་ཅན་གྱི་སྤུ་གཅོད་རྡོ་རིལ་དཀར་སོབ། སྣག་ཚ་གདུལ་ས་ལྕགས་ཀྱོང་། སྨྱུག་གྲི་སྐབས་སུ་རྡར་བྱེད་འཇམ་རྡར་བཅས་དང་། ཏིལ་མིག་ཅེས་འབྱུང་བ་མཐེ་བོང་ལ་བསྐོན་ནས་སྣག་ཚ་ཉུང་ངུར་བླུགས་ཏེ་ཡིག་ཆུང་འབྲི་བ་ལ་ཆེད་དུ་སྤྱོད་པ་དེའི་མིང་ངམ། ཡང་ན་ཐིག་སྒྲོམ་ལ་ཟེར་བདག་གིས་བཤེས་གཉེན་དམ་པའི་གསུང་མ་ངེས་པས་ཁ་ཚོན་མ་ཆོད། མཁྱེན་ཡངས་རྣམ་པས་དཔྱད་འཚལ། དེ་དག་ནི་བོད་ཀྱི་ཡིག་མཁན་ལ་མཁོ་བའི་གཅེས་ནོར་བཅོ་བརྒྱད་ལགས་སོ།