࿑ སྦྱང་ཤིང་གི་དགེ་མཚན།

 

༄༅།།   སྤྱི་ཚོགས་དང་། ཚན་རྩལ། དཔལ་འབྱོར་བཅས་དར་རྒྱས་ཆེན་པོ་བྱུང་བའི་དེང་གི་དུས་འདིར། སྔར་གྱི་བསླབ་ཆས་མང་པོ་ཞིག་ཉུང་དུ་སོང་བ་དང་དུས་མཚུངས་སློབ་ཆུང་ཕལ་མོ་ཆེར་སློབ་ཕྲུག་རྣམས་སློབ་ལ་ཞུགས་མ་ཐག་ཤོག་བུའི་ཐོག་ཞ་སྨྱུག་དང་ལྕགས་སྨྱུག་གིས་ཡི་གེ་འབྲི་རུ་བཅུག་པ་དེ་ཕྱི་ཚུལ་ནས་བལྟས་ན་ཧ་ཅང་སྟབས་བདེ་པོ་ཡོད། འོན་ཀྱང་ཡོ་བྱད་གནད་ལ་མི་འཁེལ་ཞིང་སྦྱངས་པ་ཆུང་བས་སློབ་མ་ཚོའི་ཡིག་གཟུགས་ལེགས་པོ་དེ་ཙམ་ཐོན་དཀའ་ལ། རང་གིས་བྲིས་པ་རང་ཉིད་ཀྱིས་ཀྱང་ཀློག་འདོད་མེད་པར་གྱུར་པ་མ་ཟད། ཐ་ན་ཉིན་འགའ་སོང་རྗེས་ཀློག་ཀྱང་མི་ཐུབ་པའི་གནས་ཚུལ་ཐོན་གྱི་ཡོད། དེས་ན་ད་ཐེངས་ཁོ་བོས་སྦྱང་ཤིང་ཐོག་ཡིག་གཟུགས་སྦྱོང་བའི་དགེ་མཚན་སྐོར་ཅུང་ཟད་གླེང་ན། གཅིག། སྦྱང་ཤིང་ཐོག་ཡིག་གཟུགས་སྦྱོང་བའི་དགེ་མཚན། ཡི་གེ་སྦྱོང་བ་ཟེར་བ་ནི་གཙོ་བོ་གཟུགས་དང་སྒྲ་དོན་ལ་གོ་དགོས་པ་ཡིན། ཡི་གེའི་གཟུགས་ནི་སྐད་ཆ་ཡི་གེར་ཕབ་པའི་མཚོན་རྟགས་ཤིག་ཡིན་པས་ཡི་གེའི་གཟུགས་ཚད་དང་ལྡན་པ་ཞིག་མ་བྱུང་ན། ཕྱི་ལྟ་སྣང་ལ་མཛེས་པོ་མེད་པ་མ་ཟད། གལ་ཆེ་ཤོས་ནི་ནང་བརྗོད་བྱའི་དོན་ཡང་གསལ་པོ་སྟོན་མ་ཐུབ་པའི་སྐྱོན་ཆེན་པོ་ཡོད། དེའི་ཐོག་ནས་ཡི་གེའི་གཟུགས་ལེགས་པོ་སྦྱོང་བའི་དགོས་གལ་ཤེས་ཐུབ།དེས་ན་སློབ་ཆུང་དུ་སློབ་ཕྲུག་རྣམས་ཀྱི་ཡིག་གཟུགས་རྨང་གཞི་ལེགས་པོ་འདིང་རྒྱུ་ནི་སློབ་ཁྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། བོད་ཡིག་དབུ་མེད་ཀྱི་ཡིག་གཟུགས་སྦྱོང་སྐབས་ཐུན་མོང་མ་ཡིན་པའི་སྦྱོང་ཐབས་ཤིག་ཡོད་པ་ནི་སྦྱང་ཤིང་ཐོག་སྨྱུག་རིལ་སྤྱད་ནས་སྦྱོང་བ་དེ་ཡིན།(དེའང་བོད་ཡིག་སྦྱོང་བ་ལ་ཉེར་མཁོའི་ཡིག་ཆས་ནི་སྦྱང་ཤིང་དང་། གདབ་རྐྱལ། ཐིག་རྐྱལ། སྣག་ཚ། སྨྱུ་གུ། སྨྱུག་གྲི། སྨྱུག་ཁ་གཏུབ་གདན་བཅས་ངེས་པར་ཚང་དགོས)སྦྱོང་ཐབས་དེ་ནི་ཤོག་བུ་དཀོན་དྲགས་ནས་ཐབས་ཟད་འུ་ཐུག་གིས་སྦྱང་ཤིང་བེད་སྤྱོད་གཏོང་དགོས་ལ་ཐུག་པ་ཞིག་མ་ཡིན་པར་སྔོན་བྱོན་བོད་ཀྱི་མཁས་དབང་རྣམ་པས་བོད་ཡིག་དབུ་མེད་ཡིག་གཟུགས་ཀྱི་ཁྱད་ཆོས་ལ་བསྟུན་གནང་བ་ཞིག་རེད། སྦྱང་ཤིང་སྦྱོང་ཐབས་འདི་བཞིན་བོད་ཀྱི་སློབ་གསོའི་ནང་ལོ་མང་པོའི་རིང་བེད་སྤྱོད་བྱས་ཤིང་། ཕན་འབྲས་ཀྱང་བཟང་པོ་ཐོབ་ཡོད་པ་སྐྱེ་བོ་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད། བོད་ཡིག་དབུ་མེད་ཀྱི་ཡིག་གཟུགས་སྦྱོང་སྟངས་ལ་ཐོག་མར་ཐིག་རྒྱག་སྟངས(མགོ་ཐིག་དཀྱིལ་ཐིག་འོག་ཐིག་རྐང་ཐིག)དང་། སྨྱུག་གུ་འཛིན་སྟངས། སྨྱུག་རིམ་འཐེན་སྟངས་སོགས་ནས་འགོ་བཙུགས་ཏེ་སྦྱང་ཤིང་ཐོག་འབྲི་སྦྱོང་བྱེད་དགོས་པ་ནི་ཐོག་མར་ཀ་ཁ་དང་། དེ་ནས་ཟློས་ཧྲལ། ཚུགས་རིང་། ཚུགས་ཐུང་། ཚུགས་ཆུང་། འཁྱུག་ཡིག་བཅས་ཡིག་གཟུགས་ཆེ་བ་ནས་ཆུང་བའི་བར་རིམ་བཞིན་སྦྱོང་བ་ཡིན། དེའང་ཀ་ཁ་དང་ཟློས་ཧྲལ་གྱི་ཡིག་གཟུགས་ཆེ་ཆུང་ལ་ཁྱད་པར་མེད་ཅིང་། ཚུགས་རིང་ནི་ཀ་ཁའི་ཡིག་གཟུགས་ལས་གསུམ་ཆ་གཅིག་གིས་ཆུང་བ་དང་། ཚུགས་ཐུང་ནི་ཚུགས་རིང་གི་ཕྱེད་ཙམ། ཚུགས་ཆུང་ནི་ཚུགས་ཐུང་གི་ཕྱེད་ཙམ། འཁྱུག་མ་ཚུགས་ནི་ཚུགས་ཆུང་གི་ཡིག་གཟུགས་ཐོག་གི་གུ་གྱེན་དུ་བསླངས་པ་ཞིག་ཡིན། འཁྱུག་ཡིག་ནི་གཟུགས་རིས་ཆུང་ཤོས་ཐོག་དབུ་མེད་འབྲི་ཚུལ་མགྱོགས་ཤོས་ཡིན་པ་བཅས་ལས། སྤྱིར་ན་ཀ་ཁ་ཚུགས་ཐུང་བར་གྱི་ཡིག་གཟུགས་རྣམས་སྦྱང་ཤིང་ཐོག་སྦྱོང་སྲོལ་ཡོད། དེའི་དགེ་མཚན་ལ་བལྟས་ན།  

   ༡ ཡི་གེའི་གཟུགས་རིས་ཆེ་ཆུང་ལ་དཔག་པའི་ཐིག་གི་འགྱུར་བ་གཏོང་བདེ་བ།   ༢ སྐམ་དྲས་ཞེས་དགེ་རྒན་གྱིས་སྦྱང་ཤིང་ངོས་སུ་སྣག་ཚ་མེད་པར་ཡིག་གཟུགས་ཀྱི་དཔེ་རིས་བྲིས་ཐོག་སློབ་ཕྲུག་ཚོས་དེའི་སྟེང་དུ་སྐམ་བརྩེགས་གམ་རློན་བརྩེགས་བྱེད་བཅུག་པ་དེ་ནི་ལས་དང་པོ་བ་རྣམས་ཐོག་མར་ཡིག་གཟུགས་སྦྱོང་སྐབས་ཕན་ཐོགས་ཤིན་ཏུ་ཆེ་བ་ཞིག་ཡིན། དམིགས་བསལ་ཁྱད་ཆོས་བཟང་པོ་འདི་ཤོག་བུའི་ཐོག་འདོན་སྤེལ་བྱེད་མི་ཐུབ།    ༣ ཀ་ཁ་ཐོག་མར་སྦྱོང་སྐབས་དགེ་རྒན་གྱིས་སློབ་ཕྲུག་གི་ལག་ཆུང་བཟུང་ནས་དམར་ཁྲིད་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་བོད་ཡིག་གི་ཡིག་གཟུགས་ཚད་ལྡན་ཞིག་ཤེས་པ་ལ་སྦྱང་ཤིང་ཐོག་ཡི་གེ་སྦྱོང་བའི་བརྒྱུད་རིམ་དེ་ངེས་པར་འགྲིམས་དགོས་པར་སྙམ་མོ།།

 

དྲྭ་ལམ་ནས་བླངས་།  མཛད་བྱང་མི་གསལ།