༄། །དཔལ་མཉམ་མེད་དྭགས་པོའི་ཐར་རྒྱན།

༄༅། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
རྒྱལ་དང་དེ་སྲས་རྣམས་དང་དམ་པའི་ཆོས་རྣམས་དང་། །
དེའི་ཡང་རྩ་བར་གྱུར་པ་བླ་མ་ལ་བཏུད་ནས། །
ཡིད་བཞིན་ནོར་བུ་ལྟ་བུའི་དམ་ཆོས་རིན་ཆེན་འདི། །
མི་ལ་རྗེ་ཡི་དྲིན་ལ་བརྟེན་ནས་རང་གཞན་དོན་དུ་བྲི། །

༈ སྤྱིར་ཆོས་ཐམས་ཅད་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་འདུས་སོ། །དེ་ལ་འཁོར་བ་ཞེས་བྱ་བ་ནི་རང་བཞིན་སྟོང་པ་ཉིད་ཡིན། རྣམ་པ་འཁྲུལ་པ་ཡིན། མཚན་ཉིད་སྡུག་བསྔལ་དུ་ཤར་བ་ཡིན་ནོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་རང་བཞིན་སྟོང་པ་ཉིད་ཡིན། རྣམ་པ་འཁྲུལ་པ་ཐམས་ཅད་ཟད་ཅིང་ཡལ་བ་ཡིན། མཚན་ཉིད་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །དེ་ལ་འཁོར་བར་འཁྲུལ་པ་འདི་ཡང་། སུ་འཁྲུལ་ན། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འཁྲུལ་ལོ། །གཞི་ཅི་ལས་འཁྲུལ་ན། སྟོང་པ་ཉིད་ལས་འཁྲུལ་ལོ། །རྒྱུ་ཅི་ལས་འཁྲུལ་ན། མ་རིག་པ་ཆེན་པོས་འཁྲུལ་ལོ། །ཚུལ་ཇི་ལྟར་འཁྲུལ་ན། འགྲོ་བ་རིགས་དྲུག་གི་སྤྱོད་ཡུལ་དུ་འཁྲུལ་ལོ། །དཔེ་ཇི་ལྟར་འཁྲུལ་ན། གཉིད་དང་རྨི་ལམ་ལྟར་འཁྲུལ་ལོ། །དུས་ནམ་ནས་འཁྲུལ་ན། འཁོར་བ་ཐོག་མ་མེད་པ་ནས་འཁྲུལ་ལོ། །འཁྲུལ་པ་ལ་སྐྱོན་ཅི་ཡོད་ན། སྡུག་བསྔལ་འབའ་ཞིག་ལ་སྤྱོད་དོ། །འཁྲུལ་པ་ཡེ་ཤེས་སུ་ནམ་འགྱུར་ན། བླ་མེད་ཀྱི་བྱང་ཆུབ་ཐོབ་ཙ་ན་འགྱུར་རོ། །འཁྲུལ་པ་ལ་རང་སངས་ཡོད་དམ་སྙམ་ན། འཁོར་བ་མཐའ་མེད་པར་གྲགས་པ་དེ་ཡིན་ནོ། །དེ་ལྟར་ན་འཁོར་བ་འདི་འཁྲུལ་པ་ཡིན་ལུགས་སམ། སྡུག་བསྔལ་ཆེ་ཚོད་དམ། ཡུན་གྱི་རིང་ལུགས་སམ། རང་གྲོལ་མེད་ལུགས་དེ་ལྟར་ལགས་པས། དུས་དེ་རིང་ནས་བཟུང་སྟེ་བླ་མེད་ཀྱི་བྱང་ཆུབ་ཅི་ཐོབ་ལ་འབད་འཚལ་ལོ།།
དེ་ལྟར་འབད་པ་ལ་ཅི་དགོས་ཤེ་ན། སྡོམ་ནི།
རྒྱུ་དང་རྟེན་དང་རྐྱེན་དང་ནི། །
ཐབས་དང་འབྲས་བུ་འཕྲིན་ལས་ཏེ། །
བླ་མེད་བྱང་ཆུབ་སྤྱི་སྡོམ་དྲུག །
བློ་ལྡན་རྣམས་ཀྱིས་ཤེས་པར་བྱ། །ཞེས་པ་སྟེ།
བླ་མེད་ཀྱི་བྱང་ཆུབ་དེའི་རྒྱུ་དང་། དེ་སྒྲུབ་པའི་རྟེན་གྱི་གང་ཟག་དང་། དེ་སྒྲུབ་པ་ལ་བསྐུལ་བའི་རྐྱེན་དང་། དེ་སྒྲུབ་པའི་ཐབས་དང་། དེ་གྲུབ་པའི་འབྲས་བུ་དང་། དེ་གྲུབ་ནས་སངས་རྒྱས་ཀྱི་འཕྲིན་ལས་རྣམས་ཤེས་དགོས་པའོ། །དེ་དག་རིམ་པར་བསྟན་པ་ནི།
རྒྱུ་ནི་བདེ་གཤེགས་སྙིང་པོ་སྟེ། །
རྟེན་ནི་མི་ལུས་རིན་ཆེན་མཆོག །
རྐྱེན་ནི་དགེ་བའི་བཤེས་གཉེན་ཡིན། །
ཐབས་ནི་དེ་ཡི་གདམས་ངག་སྟེ། །
འབྲས་བུ་རྫོགས་སངས་རྒྱས་ཀྱི་སྐུ། །
                   འཕྲིན་ལས་རྟོག་མེད་འགྲོ་དོན་མཛད། །ཅེས་པ་རྣམས་ཡིན་ནོ། །
དེ་རྣམས་ཀྱིས་ནི་ལུས་རྣམ་གཞག་བསྟན་པ་ཙམ་ཡིན་ནོ། །

༈ ད་ནི་ཡན་ལག་རྒྱས་པར་འཆད་དོ། །དེ་ལ་དང་པོ། རྒྱུ་ནི་བདེ་གཤེགས་སྙིང་པོ་སྟེ། །ཞེས་པ་ནི། འོ་ན་འཁོར་བར་འཁྲུལ་པའི་རང་བཞིན་འདི་ལས་གྲོལ་ནས། བླ་མེད་ཀྱི་བྱང་ཆུབ་ཐོབ་དགོས་པ་དེ། བདག་ཅག་ལ་སོགས་པ་གང་ཟག་དམན་པ་དག་གིས་འབད་པ་བྱས་ཀྱང་ཐོབ་པར་ཅང་འགྱུར་རམ་སྙམ་ན། འབད་པས་བསྒྲུབས་ན་བྱང་ཆུབ་ཅིས་ཏེ་མི་ཐོབ་སྟེ། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རྒྱུ། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པའི་ཕྱིར་རོ། །
དེ་ལྟར་ཡང་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་སོ། །མདོ་མྱ་ངན་ལས་འདས་ཆུང་ལས་ཀྱང་། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང་། མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་ལས་ཀྱང་། དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པར་གནས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོས་ཀྱང་སེམས་ཅད་ཐམས་ཅད་ལ་ཁྱབ་པར་གནས་སོ། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་སོ། །
འོ་ན་རྒྱུ་མཚན་ཅིའི་ཕྱིར་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཞེ་ན། ཆོས་སྐུ་སྟོང་ཉིད་ཀྱིས་སེམས་ཅན་ལ་ཁྱབ་པའི་ཕྱིར་དང་། ཆོས་ཉིད་དེ་བཞིན་ཉིད་ལ་དབྱེ་བ་མེད་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ལ་རིགས་ཡོད་པའི་ཕྱིར་ཏེ། དེས་ན་རྒྱུ་མཚན་གསུམ་ཡོད་པས། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཏེ། དེ་ལྟར་ཡང་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །
དེ་ལ་དང་པོ་ཆོས་སྐུ་སྟོང་ཉིད་ཀྱིས་སེམས་ཅན་ལ་ཁྱབ་པ་ཞེས་པ་ནི། སངས་རྒྱས་ནི་ཆོས་ཀྱི་སྐུ་ཡིན་ལ། ཆོས་སྐུ་ནི་སྟོང་ཉིད་ཡིན་ཏེ། སྟོང་ཉིད་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཕྱིར་ན་ཡང་། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའོ། །ཆོས་ཉིད་དེ་བཞིན་ཉིད་ལ་དབྱེ་བ་མེད་པ་ཞེས་པ་ནི། སངས་རྒྱས་ཀྱི་དེ་བཞིན་ཉིད་དང་། སེམས་ཅན་གྱི་དེ་བཞིན་ཉིད་ལ་བཟང་ངན་ནམ། ཆེ་ཆུང་ངམ། མཐོ་དམའ་ཡི་དབྱེ་བ་མེད་པས་ན་ཡང་། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའོ། །
སེམས་ཅན་ཐམས་ཅད་ལ་རིགས་ཡོད་པ་ཞེས་པ་ནི། སེམས་ཅན་རྣམས་སངས་རྒྱས་ཀྱི་རིགས་རྣམ་པ་ལྔར་གནས་ཏེ། གང་ཞེ་ན། སྡོམ་ནི།
རིགས་ཆད་རིགས་དང་མ་ངེས་རིགས། །
ཉན་ཐོས་རིགས་དང་རང་རྒྱལ་རིགས། །
ཐེག་པ་ཆེན་པོའི་རིགས་ཅན་ཏེ། །
ལྔས་ནི་སངས་རྒྱས་རིགས་ཅན་བསྡུས། །ཞེས་པའོ། །
དེ་ལ་རིགས་ཆད་ཀྱི་རིགས་ནི། གང་དག་ཁྲེལ་མེད་པ། ངོ་ཚ་མེད་པ། སྙིང་རྗེ་མེད་པ་ལ་སོགས་པ་མཚན་ཉིད་དྲུག་ལྡན་དུ། སློབ་དཔོན་ཆེན་པོ་ཐོགས་མེད་ཀྱིས་གསུངས་པ་དེ་དག་སྟེ། ཇི་སྐད་དུ། འཁོར་བའི་སྐྱོན་རྣམས་མཐོང་ཡང་སྐྱོ་བ་ཅུང་ཟད་མེད། །སངས་རྒྱས་ཡོན་ཏན་ཐོས་ཀྱང་དད་པ་ཅུང་ཟད་མེད། །ཁྲེལ་མེད་ངོ་ཚ་མེད་ཅིང་སྙིང་རྗེ་ཅུང་ཟད་མེད། །སྡིག་པ་ལྷག་པར་སྤྱོད་ལ་འགྱོད་པ་ཅུང་ཟད་མེད། །མེད་དྲུག་འཛོམ་ལ་སངས་རྒྱས་སྐལ་བ་མེད། །ཅེས་གསུངས་པའོ། །མདོ་སྡེ་རྒྱན་ལས་ཀྱང་། ལ་ལ་གཅིག་ཏུ་ཉེས་པ་སྤྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་གསུངས་སོ། །
ལར་རྟགས་དེ་དག་དང་ལྡན་པ་རིགས་ཆད་དུ་གསུངས་པ་དེ་ཡང་། འཁོར་བར་ཡུན་རིང་དུ་འགོར་བ་ལ་དགོངས་པ་ཡིན་གྱིས། གཏན་ནས་བྱང་ཆུབ་མི་ཐོབ་པ་ནི་མ་ཡིན་ཏེ། འབད་པ་བྱས་ན་དེས་ཀྱང་བྱང་ཆུབ་ཐོབ་པ་ཡིན་ནོ། །དེ་ལྟར་ཡང་སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ། གལ་ཏེ་སེམས་ཅད་མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་ཞིག་གིས། སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན་ཡང་། དེ་མྱ་ངན་ལས་འདའ་བའི་འབྲས་བུ་ཅན་ཡིན་ཏེ། མྱ་ངན་ལས་འདས་པ་ཀླས་པ་དང་། མྱ་ངན་ལས་འདས་པའི་མཐས་གཏུགས་པར་ང་སྨྲའོ། །ཞེས་གསུངས་སོ། །
མ་ངེས་པའི་རིགས་ཅན་ནི། རྐྱེན་ལ་རག་ལས་པ་ཅན་ཏེ། གང་དག་ཉན་ཐོས་ཀྱི་དགེ་བའི་བཤེས་གཉེན་བསྟེན་པའམ། ཉན་ཐོས་ཀྱི་གྲོགས་པོ་དང་འགྲོགས་པའམ། ཉན་ཐོས་ཀྱི་མདོ་སྡེ་མཐོང་ན་ཉན་ཐོས་ལ་དད་དེ། ཉན་ཐོས་ཀྱི་རིགས་སུ་གྱུར་ནས་ཉན་ཐོས་སུ་མངོན་པར་འབྱུང་བར་འགྱུར་ལ། དེ་བཞིན་དུ་རང་རྒྱལ་ལམ། ཐེག་ཆེན་གྱི་རྐྱེན་དག་དང་ཕྲད་ན། རང་རྒྱལ་ལམ། ཐེག་པ་ཆེན་པོ་བར་འགྱུར་བ་དེ་དག་ཡིན་ནོ། །
ཉན་ཐོས་ཀྱི་རིགས་ནི། གང་དག་འཁོར་བ་ལ་འཇིགས་པ། མྱ་ངན་ལས་འདས་པ་ལ་དད་པ། སྙིང་རྗེ་ཆུང་བ་དེ་དག་ཡིན་ཏེ། ཇི་སྐད་དུ། འཁོར་བའི་སྡུག་བསྔལ་མཐོང་ནས་འཇིགས། །མྱ་ངན་འདས་ལ་མངོན་པར་དད། །སེམས་ཅན་དོན་ལ་མི་དགའ་བ། །རྟགས་གསུམ་ལྡན་པ་ཉན་ཐོས་རིགས། །ཞེས་གསུངས་སོ། །
རང་སངས་རྒྱས་ཀྱི་རིགས་ནི། གང་དག་རྟགས་དེ་གསུམ་གྱི་སྟེང་དུ་ང་རྒྱལ་ཆེ་བ་དང་། སློབ་དཔོན་གསང་བ་དང་། གཅིག་པུར་དབེན་པ་ལ་དགའ་བ་དེ་དག་ཏེ། ཇི་སྐད་དུ། སྲིད་པས་སྐྱོ་ཞིང་མྱ་ངན་འདས་ལ་སྤྲོ། །སྙིང་རྗེ་ཆུང་ཞིང་ལྷག་པར་ང་རྒྱལ་ཆེ། །སློབ་དཔོན་གསང་ཞིང་གཅིག་པུར་འདུག་ལ་དགའ། །མཁས་པས་རང་རྒྱལ་རིགས་སུ་ཤེས་པར་བྱ། །ཞེས་གསུངས་སོ། །
ཉན་རང་གི་རིགས་དེ་གཉིས། ཐེག་པ་དེ་གཉིས་ལ་ཞུགས་ནས། རང་རང་གི་འབྲས་བུ་ཐོབ་ཀྱང་མྱ་ངན་ལས་འདས་པ་དངོས་མ་ཡིན་ནོ། །འོ་ན་དེའི་ཚེ་དེ་དག་ཇི་ལྟར་གནས་ན། མ་རིག་པའི་བག་ཆགས་ཀྱི་ས་ལ་བརྟེན་ནས། ཟག་པ་མེད་པའི་ལས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་བཟུང་ནས་གནས་སོ། །འོན་ཀྱང་དེའི་ཚེ་ཟག་པ་མེད་པའི་ཏིང་ངེ་འཛིན་ཡོད་པས། དེ་ལ་མྱ་ངན་ལས་འདས་པ་ཡིན་ནོ་སྙམ་པའི་འདུ་ཤེས་ཀྱིས་གནས་པ་ཡིན་ནོ། །
འོ་ན་མྱ་ངན་ལས་འདས་པ་དངོས་མིན་ན། བཅོམ་ལྡན་འདས་ཀྱིས་ལམ་དེ་གཉིས་སྟོན་པ་མི་རིགས་ཤེ་ན། རིགས་ཏེ། དཔེར་ན་འཛམ་བུའི་གླིང་ནས་ཚོང་པ་དག་ཕྱིའི་རྒྱ་མཚོར་ནོར་བུ་རིན་པོ་ཆེ་ལེན་དུ་འགྲོ་བ་ལ། བར་སྐབས་སུ་འབྲོག་དགོན་པ་ཆེན་པོར་ངལ་ཞིང་ཆད་ནས། བདག་གི་ནོར་བུ་མི་ལོན་སྙམ་སྟེ། ཕྱིར་ལྡོག་པར་འགྱུར་བ་རྣམས་ལ་དེད་དཔོན་ཆེན་པོའི་རྫུ་འཕྲུལ་གྱིས། གྲོང་ཁྱེར་ཆེན་པོ་ཞིག་དེར་སྤྲུལ་ནས་ངལ་བསོར་འཇུག་པ་ལྟར། སེམས་ཅན་སྙིང་སྟོབས་ཆུང་བས་སངས་རྒྱས་ཀྱི་ཡེ་ཤེས་ཐོས་ནས་དངངས་ཏེ། སངས་རྒྱས་བསྒྲུབས་པ་འདི་ཉོན་མོངས་སོ། །བདག་གིས་མི་ནུས་སོ་སྙམ་ནས་མི་འཇུག་པའམ། ཕྱིར་ལྡོག་པ་རྣམས་ལ་ཉན་རང་གི་ལམ་འདི་གཉིས་བསྟན་ནས། ཉན་རང་གི་གོ་འཕང་དུ་ངལ་བསོར་འཇུག་པ་ཡིན་ནོ། །དམ་ཆོས་པདྨ་དཀར་པོ་ལས་ཀྱང་། དེ་བཞིན་ཉན་ཐོས་ཐམས་ཅད་ཀྱང་། །མྱ་ངན་འདས་ཐོབ་འདུ་ཤེས་ཏེ། །རྒྱལ་བས་གསུངས་པ་དེ་དག་ལ། །མྱ་ངན་མ་འདས་དེ་ངལ་བསོ། །ཞེས་གསུངས་སོ། །སེམས་ཅན་དེ་དག་ཉན་རང་གི་གོ་འཕང་དུ་ངལ་སོས་པ་དང་། དེ་བཞིན་གཤེགས་པས་མཁྱེན་ནས་དེ་དག་སངས་རྒྱས་བསྒྲུབ་པ་ལ་བསྐུལ་བའོ། །
དེ་ཡང་ཇི་ལྟར་བསྐུལ་ན། སྐུ་གསུང་ཐུགས་ཀྱིས་བསྐུལ་བ་ཡིན་ཏེ། ཐུགས་ཀྱིས་འོད་ཟེར་སྤྲོས་པས། ཉན་རང་ཡིད་ཀྱི་ལུས་ཅན་དེ་དག་ལ་རེག་པ་ཙམ་གྱིས། ཟག་མེད་ཀྱི་ཏིང་ངེ་འཛིན་ལས་སད་པར་བྱེད་དོ། །དེ་ནས་སྐུའི་སྣང་བ་བསྟན་ཏེ། གསུང་གིས་འདི་སྐད་དུ། དགེ་སློང་དག་ཁྱེད་དེ་ཙམ་གྱིས་བྱ་བ་བྱས་པ་མ་ཡིན། བྱེད་པ་བྱས་པ་མ་ཡིན་ཁྱེད་ཀྱི་མྱ་ངན་ལས་འདས་པ་དེ་མྱ་ངན་ལས་འདས་པ་མ་ཡིན་ཏེ། དགེ་སློང་དག་ད་ནི་ཁྱེད་དེ་བཞིན་གཤེགས་པ་ལ་ཉེ་བར་གྱུར་གྱི་ལྟོས་ཤིག །རྟོགས་ཤིག་ཅེས་བསྐུལ་བའོ། །དེ་ཉིད་དམ་ཆོས་པད་དཀར་ལས་ཚིགས་སུ་བཅད་དེ། ཡང་གསུངས་པ། དགེ་སློང་ཁྱེད་ཅག་དེ་ཕྱིར་དེ་རིང་ངས། །འདི་ཙམ་གྱིས་ནི་མྱ་ངན་མི་འདའ་སྟེ། །ཁྱེད་ཅག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕྱིར། །བརྩོན་འགྲུས་རླབས་ཆེན་དམ་པ་བསྐྱེད་པར་གྱིས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་བསྐུལ་བས་ཉན་རང་དེ་དག་དེ་ནས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ། བསྐལ་པ་དཔག་ཏུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་འཚང་རྒྱ་བ་ཡིན་ནོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་། དེ་བཞིན་དུ་བཤད་ལ། དམ་ཆོས་པད་དཀར་ལས་ཀྱང་། ཉན་ཐོས་དེ་དག་མྱ་ངན་མ་འདས་ཏེ། །དེ་དག་བྱང་ཆུབ་སྤྱོད་པ་རབ་སྤྱད་ནས། །ཉན་ཐོས་འདི་དག་ཐམས་ཅད་སངས་རྒྱས་འགྱུར། །ཞེས་གསུངས་སོ།།
ཐེག་པ་ཆེན་པོའི་རིགས་ནི་ཇི་ལྟ་བུ་ཞེ་ན། སྡོམ་ནི།
དབྱེ་བ་ངོ་བོ་རྣམ་གྲངས་དང་། །
གཞན་ལས་ཁྱད་འཕགས་རྒྱུ་མཚན་དང་། །
རྣམ་པ་རྟགས་དང་དོན་དྲུག་གིས། །
ཐེག་པ་ཆེན་པོའི་རིགས་བསྡུས་སོ། །
ཞེས་པ་སྟེ། དེ་ལ་རིགས་ཀྱི་དབྱེ་བ་ནི་གཉིས་ཏེ། རང་བཞིན་གྱིས་གནས་པའི་རིགས་དང་། ཡང་དག་པར་བསྒྲུབས་པའི་རིགས་སོ། །
རིགས་དེ་དག་སོ་སོའི་ངོ་བོ་འཆད་པ་ལ། དང་པོ་རང་བཞིན་གྱིས་གནས་པའི་རིགས་ནི། སངས་རྒྱས་ཀྱི་ཆོས་སྐྱེད་པའི་ནུས་པ་ཐོག་མ་མེད་པའི་དུས་ཅན། ཆོས་ཉིད་ཀྱིས་ཐོབ་པའོ། །ཡང་དག་པར་བསྒྲུབས་པའི་རིགས་ནི། སངས་རྒྱས་ཀྱི་ཆོས་སྐྱེད་པའི་ནུས་པ་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་དེའོ། །དེ་ལྟར་རྣམ་པ་གཉིས་ཀ་སངས་རྒྱས་ཀྱི་སྐལ་བ་ཅན་ཡིན་ནོ། །
རིགས་ཀྱི་མིང་གི་རྣམ་གྲངས་ནི། རིགས་ཞེས་ཀྱང་བྱ། ས་བོན་ཞེས་ཀྱང་བྱ། ཁམས་ཞེས་ཀྱང་བྱ། རང་བཞིན་ཞེས་ཀྱང་བྱའོ། །
རིགས་གཞན་ལས་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་ནི། ཉན་རང་རྣམ་གཉིས་ཀྱི་རིགས་ནི་དམན་པ་ཡིན་ཏེ། ཉོན་མོངས་པའི་སྒྲིབ་པ་བྱང་བ་ཙམ་གྱིས་རིགས་རྣམ་པར་དག་པར་འགྱུར་བའི་ཕྱིར་རོ། །ཐེག་པ་ཆེན་པོའི་རིགས་ནི་མཆོག་ཡིན་ཏེ། སྒྲིབ་པ་གཉིས་ཆར་བྱང་བས་རིགས་རྣམ་པར་དག་པར་འགྱུར་བའི་ཕྱིར་རོ། །དེས་ན་ཐེག་པ་ཆེན་པོའི་རིགས་དེ་རིགས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་ཡིན་ནོ། །
རིགས་ཀྱི་རྣམ་པ་ནི། རིགས་སད་པ་དང་། མ་སད་པའོ། །དེ་ལ་རིགས་སད་པ་ནི། འབྲས་བུ་ཡང་དག་པར་གྲུབ་པ་ཞེས་བྱ་སྟེ་རྟགས་དམིགས་པའོ། །རིགས་མ་སད་པ་ནི། འབྲས་བུ་ཡང་དག་པར་མ་གྲུབ་པ་ཞེས་བྱ་སྟེ་རྟགས་མི་དམིགས་པའོ། །འོ་ན་རིགས་དེ་རྐྱེན་ཅིས་སད་པར་འགྱུར་ཞེ་ན། འགལ་བའི་རྐྱེན་དང་ནི་བྲལ། མཐུན་པའི་རྐྱེན་གྱིས་ཟིན་ན་ནི་རིགས་སད་པར་འགྱུར་ཏེ། དེ་ལས་བཟློག་ན་རིགས་མི་སད་པར་གནས་སོ། །དེ་ལ་འགལ་བའི་རྐྱེན་བཞི་སྟེ། མི་ཁོམ་པར་སྐྱེས་པ་དང་། བག་ཆགས་མེད་པ་དང་། ལོག་པར་ཞུགས་པ་དང་། སྒྲིབ་པའི་ཉེས་པའོ། །མཐུན་པའི་རྐྱེན་གཉིས་ཏེ། ཕྱི་དམ་པའི་ཆོས་སྟོན་པ་གཞན་གྱི་རྐྱེན་དང་། ནང་ཚུལ་བཞིན་ཡིད་ལ་བྱེད་པ་དགེ་བའི་ཆོས་ལ་འདུན་པ་ལ་སོགས་པའོ།