࿑ སེམས་གནས་དགུའི་རྣམ་བཤད།

 

   

 

འདིར་ཞི་གནས་སྒོམ་སྐབས་ཀྱི་སེམས་གནས་དགུ་སྟེ་སྒོམ་བྱེད་པར་འདོད་ན་སེམས་གནས་ལ་མྱོང་བ་ཐོན་དགོས། དེ་ལ་སེམས་གནས་དགུ་ཤེས་དགོས། དེ་ཡང་སེམས་འཇོག་པ། རྒྱུན་དུ་འཇོག་པ། གླན་ཉེ་འཇོག་པ། ཉེ་བར་འཇོག་པ། དུལ་བར་བྱེད་པ། ཞི་བར་བྱེད་པ། རྣམ་པར་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པར་འཇོག་པ་སྟེ་དགུ་ལས།

 

དང་པོ་ནི། 

ཕྱི་རོལ་གྱི་དམིགས་པ་ལས་སེམས་བསྡུས་ནས་ནང་དུ་དམིགས་པ་ལ་གཏོད་པ་སྟེ་བླ་མ་ལས་
དམིགས་པའི་གདམས་ངག་ཐོས་སྟོབས་ཀྱིས་འགྲུབ་ཅིང་། དེ་ཡང་དམིགས་པ་ལ་བཞག་ཙམ་བཞག་ཙམ་ལས་ཤས་ཆེར་མི་གནས་པས་རྒྱུན་མཐུད་མི་ཐུབ་པ་སྟེ། དེའི་ཚེ་སེམས་ལ་རྟོག་དཔྱོད་ཞུགས་པའི་སྟོབས་ཀྱིས་འཕྲོ་རྒོད་ཀྱི་དབང་དུ་ཤོར་བ་རིག་པས་སྔར་ལས་རྣམ་རྟོག་ཤས་ཆེ་བའི་ཉམས་འབྱུང་ཡང་། 
འདི་རྣམ་རྟོག་མང་དུ་སོང་བ་མིན་གྱི། རྣམ་རྟོག་ངོས་ཟིན་པའི་ཉམས་ཡིན།

 

གཉིས་པ་ནི།

དང་པོར་གཏད་པའི་སེམས་དེ་ཉིད་གཞན་དུ་མི་གཡེང་བར་དམིགས་པ་སྟེ་དེ་ལྟར་བསྒོམས་པས་སེམས་དམིགས་པ་ལ་བཞག་ཙམ་གྱིས་རྒྱུན་ཅུང་ཟད་མཐུད་ཐུབ་པ་ནི་དཔེར་ན་མ་ཎི་ཕྲེང་
བསྐོར་གཅིག་ཙམ་གྱི་རིང་བསྒོམ་ན་དེའི་རིང་མི་གཡེང་བ་འབྱུང་བ་ལྟ་བུ་ཡིན། འདིའི་ཚེ་སྐབས་རེ་རྣམ་རྟོག་ཞི་ཞིང་སྐབས་རེ་རྣམ་རྟོག་སྐྱེ་བས་རྣམ་རྟོག་ངལ་གསོ་བའི་ཉམས་འོང་། འདི་བསམ་པའི་སྟོབས་ཀྱིས་འགྲུབ། སེམས་གནས་དང་པོ་དང་གཉིས་པ་འདི་གཉིས་ལ་བྱིང་རྒོད་མང་ཞིང་གནས་པ་ཉུང་བས་ཡིད་བྱེད་བཞིའི་ལས་དང་པོ་བསྒྲིམས་ཏེ་འཇུག་པའི་སྐབས་ཡིན་ཞིང་གནས་པ་ལས་གཡེང་བ་རྒྱུན་རིང་བ་ཡིན་གསུངས།

 

གསུམ་པ་ནི།

སེམས་ཕྱི་རོལ་ཏུ་ཡེངས་ན་ཤེས་པར་བྱས་ནས་སླར་ཡང་དམིགས་པ་དེ་ཉིད་ལ་འཇོག་པ་སྟེ་གོས་ལྟ་བུའི་གཞི་ལ་ལྷན་པ་བརྒྱག་པ་བཞིན། རྒྱུན་མཐུད་པའི་གཞི་དེའི་སྟེང་ནས་དམིགས་པ་ལས་གཡེངས་པ་འཕྲལ་དུ་ཤེས་ནས་སླར་དམིགས་རྟེན་ལ་གླན་ཏེ་འཇོག་པ་ལ་ཟེར་བས་འདི་དང་སྔ་མ་གཉིས་ལ་གཡེང་བ་ཡུན་རིང་ཐུང་ཡོད། འདིའང་དྲན་པ་སྟོབས་ལྡན་བསྐྱེད་པའི་དུས་ཡིན་གསུངས།

 

བཞི་བ་ནི།

སེམས་ཡང་ཡང་དུ་བསྡུས་ཏེ་ཕྲ་བར་བྱས་ནས་འཇོག་པ་སྟེ་དྲན་པ་ཤུགས་ཅན་དུ་བསྐྱེད་ནས་
དམིགས་རྟེན་ལ་འཇོག་པ་སྟེ། འདི་སན་དམིགས་རྟེན་ཤོར་མི་སྲིད་པས་སྔ་མ་གསུམ་ལས་ཁྱད་ཞུགས་པ་ཡིན། འོན་ཀྱང་དམིགས་རྟེན་མ་ཤོར་བཞིན་དུ་བྱིང་རྒོད་ཤུགས་ཆེན་པོ་འབྱུང་བས་བྱིང་རྒོད་ཀྱི་གཉེན་པོ་བསྟེན་དགོས། སེམས་གནས་གསུམ་པ་དང་བཞིན་འདི་གཉིས་དྲན་པའི་སྟོབས་ཀྱིས་འགྲུབ། འདི་ནས་ནར་སོན་པའི་མི་ལྟར་དྲན་པ་ནར་སོན་པའམ། དྲན་པའི་སྟོབས་རྫོགས་པ་ཡིན་གསུངས།

 

 ལྔ་པ་ནི།
 ཏིང་ངེ་འཛིན་གྱི་ཡོན་ཏན་བསགས་ནས་དེ་ལ་དགའ་བ་སྟེ་བཞི་པའི་སྐབས་སུ་སེམས་ནང་དུ་བསྡུས་དྲགས་པས་འདིར་བྱིང་བ་ཕྲ་མོའི་ཉེན་ཆེ་བའི་ཤེས་བཞིན་སྟོབས་ལྡན་བསྐྱེད་ནས། དེས་བྱ་ར་བྱས་ཏེ་ཏིང་ངེ་འཛིན་གྱི་ཡོན་ཏན་བསམས་ནས་སེམས་གཟེངས་བསྟོད། འདི་དང་སྔ་མ་གཉིས་ལ་བྱིང་རྒོད་རགས་པ་འབྱུང་མི་འབྱུང་གི་ཁྱད་པར་ཡོད།

 

དྲུག་པ་ནི།
རྣམ་གཡེང་ལ་སྐྱོན་དུ་བལྟས་ནས་ཏིང་ངེ་འཛིན་ལ་མི་དགའ་བ་ཞི་བར་བྱེད་པ་སྟེ་ལྔ་པའི་སྐབས་སུ་སེམས་གཟེངས་བསྟོད་དྲགས་པའི་རྐྱེན་གྱིས་འདིར་རྒོད་པ་ཕྲ་མོའི་ཉེན་ཆེ་ལ། རྒོད་པ་ཕྲ་མོ་སྐྱེས་པ་ན། དེ་རིག་པའི་ཤེས་བཞིན་སྟོབས་ལྡན་བསྐྱེད་དེ་རྒོད་པ་ཕྲ་མོ་ལའང་སྐྱོན་དུ་བལྟས་ནས་འགོག་དགོས། སྔ་མ་ལས་འདི་སྐབས་བྱིང་བ་ཕྲ་མོའི་ཉེན་ཆེ་བ་མེད་པའི་ཁྱད་ཡོད། ལྔ་པ་དང་དྲུག་པ་གཉིས་ཤེས་བཞིན་གྱི་སྟོབས་ཀྱིས་འགྲུབ། འདི་ནས་ཤེས་བཞིན་གྱི་སྟོབས་རྫོགས་པར་གསུངས།

 

བདུན་པ་ནི།

ཆགས་སེམས་དང་ཡིད་མི་བདེ་བ་སོགས་ཞི་བར་བྱེད་པ་སྟེ་འདིའི་སྐབས་སུ་དྲན་ཤེས་ཀྱི་སྟོབས་རྫོགས་པས་བྱིང་རྒོད་སྐྱེས་དཀའ་ཡང་། དེ་ནས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་དེ་བྱིང་རྒོད་ཕྲ་མོ་ལའང་སྐྱོན་དུ་བལྟས་ནས་སྤོང་གང་ཐུབ་བྱེད་དགོས། འདི་དང་སྔ་མ་གཉིས་་ལ་བྱིང་རྒོད་ཕྲ་མོར་ཤོར་བའི་ཉེན་དོགས་ཆེར་བྱེད་དགོས་མི་དགོས་ཀྱི་ཁྱད་ཡོད། འདིར་བྱིང་རྒོད་ཕྲ་མོ་ཙམ་གྱི་ཉེན་ཆེར་མེད་ཀྱང་། ད་དུང་དེ་གཉིས་སྤོང་ཐབས་ལ་ནི་བརྩོན་དགོས་པ་ཡིན། ལྔ་པ་དང་དྲུག་པའི་སྐབས་བྱིང་རྒོད་ཀྱིས་ཚུར་གནོད་པའི་དོགས་པ་ཡོད་ལ། བདུན་པའི་སྐབས་འདིར་བྱིང་རྒོད་ཡང་བརྩོན་འགྲུས་ཀྱིས་བཀག་ཐུབ་པས་བྱིང་རྒོད་
ཚུར་བར་དུ་ཆེར་གཅོད་མི་ནུས་གསུངས། སེམས་གནས་གསུམ་པ་ནས་བདུན་པའི་བར་གྱི་ལྔ་པོ་འདིར་ཏིང་འཛིན་ཤས་ཆེ་ཡང་བྱིང་རྒོད་སོགས་ཀྱིས་བར་དུ་གཅོད་པས་ཆད་ཅིང་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན།

 

བརྒྱད་པ་ནི།

འབད་མེད་དུ་འཇུག་པའི་ཕྱིར་འབད་པ་སྟེ་འདིའི་སྐབས་སུ་ཐོག་མར་གཉེན་པོ་དྲན་འཛིན་གྱི་རྩོལ་བ་ཅུང་ཟད་བསྟེན་ན་ཐུན་གྱི་རིང་བྱིང་རྒོད་ཕྲ་མོའང་མེད་པར་ཐུན་འཁྱོངས་ཐུབ་པ་འབྱུང་ཞིང་། འདི་དག་གི་སྐབས་རིམ་བཞིན་དཔེར་ན་དགྲ་བོ་སྟོབས་དང་ལྡན་པ་དང་། སྟོབས་འགའ་ཞིག་ཉམས་པ་དང་། 
སྟོབས་རྫོགས་པར་ཉམས་པ་ལྟར་བྱིང་རྒོད་ཀྱི་སྟོབས་རིམ་བཞིན་ཉམས་པ་ཡིན་པས་བརྒྱད་པ་ནས་བཟུང་ཤེས་བཞིན་གྱི་རྩོལ་བ་བསྟེན་མི་དགོས་སོ། སེམས་གནས་བརྒྱད་པའི་སྐབས་འདིར་རྩོལ་བ་ཅུང་ཟད་བསྟེན་ན་ཐུན་གྱི་རིང་བྱིང་རྒོད་སོགས་ཀྱིས་བར་དུ་གཅོད་པ་མེད་པས་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན། སེམས་གནས་བདུན་པ་དང་བརྒྱད་པ་བརྩོན་འགྲུས་ཀྱི་སྟོབས་འགྲུབ།

 

དགུ་བ་ནི།

སེམས་མཉམ་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པ་སྟེ་སྐབས་འདིར་འབད་རྩོལ་དང་བྲལ་བར་འཇུག་པ་སྟེ། དེ་ཡང་བརྒྱད་པའི་སྐབས་ཡང་ཡངའདྲིས་པ་ལ་བརྟེན་ནས་འདིར་འབད་རྩོལ་མེ་དཔར་ལྷུན་གྱིས་གྲུབ་པ་ཡིན་པས་རྩོལ་བ་ཅུང་ཟད་ཀྱང་མི་དགོས་པར་ཁ་ཏོན་བྱང་བ་ཞིག་གིས་འདོན་པ་བཏོན་པ་ལྟར་ཏིང་འཛིན་ལ་ཧྲིལ་གྱིས་འཇུག དེ་ནི་འདོད་སེམས་རྩེ་གཅིག་པའི་གཞི་གནས་རྗེས་མཐུན་པ་ཡིན། 
དགུ་པ་འདི་ཡོངས་སུ་འདྲིས་པའི་སྟོབས་ཀྱིས་འགྲུབ།

 

དེ་དག་གི་དང་པོའི་སྐབས་རྣམ་རྟོག་ངོས་ཟིན་པའི་ཉམས་དང་། 
གཉིས་པའི་སྐབས་རྣམ་རྟོག་རེས་ངལ་གསོ་བའི་ཉམས། 
གསུམ་པའི་སྐབས་རྣམ་རྟོག་ཐང་ཆད་པའི་ཉམས་འབྱུང་། 
མདོར་ན་སེམས་གནས་དང་པོ་དང་གཉིས་པ་གཉིས་ནི་གནས་པ་རྒྱུན་རིང་ཐུང་ཡོད་ལ། 
གཉིས་པ་དང་གསུམ་པ་ནི་གཡེང་བ་རྒྱུན་རིང་ཐུང་ཡོད། 
གསུམ་པ་དང་བཞི་བ་གཉིས་ནི་དམིགས་རྟེན་ཤོར་སྲིད་མི་སྲིད་ཀྱི་ཁྱད་པར་ཡོད་ཅིང་།
 བཞི་པ་དང་ལྔ་པ་ནི་བྱིང་བ་རགས་པ་སྐྱེ་མི་སྐྱེ་དང་། 
ལྔ་པ་དང་དྲུག་པ་གཉིས་ནི་བྱིང་བ་ཕྲ་མོ་ལ་དོགས་ཟོན་དགོས་མི་དགོས་དང་། 
དེར་མ་ཟད་དྲུག་པར་རྒོད་པ་ཕྲ་མོ་སྐྱེ་བའང་སྔ་མ་ལས་ཉུང་ངོ་། 
དྲུག་པ་དང་བདུན་པ་གཉིས་ནི། 
བྱིང་རྒོད་ཕྲ་མོ་ཤོར་ཉེན་གྱི་དོགས་ཟོན་ཆེན་པོ་དགོས་མི་དགོས་དང་། 
བདུན་པ་དང་བརྒྱད་པ་ནི་བྱིང་རྒོད་ཡོད་མེད་དང་། 
བརྒྱད་པ་དང་དགུ་པ་ནི་འབད་རྩོལ་དང་ལྟོས་མི་ལྟོས་ཀྱི་ཁྱད་པར་ཡོད་དོ། 
བདུན་པའི་སྐབས་བྱིང་རྒོད་འགོག་ཙམ་ལས། 
དེར་ཤོར་དོགས་ཀྱི་ཉེན་ཆེར་བྱེད་མི་དགོས་ལ། དཔེར་ན་དགྲ་དང་འཐབ་ན། 
དེ་སྟོབས་ཞན་དུ་བཏང་ཟིན་ནས་དོགས་ཟོན་ཆེར་མི་དགོས་པར་བཀག་ཙམ་གྱིས་ཆོག་པ་བཞིན་ཡིན་པར་གསུངས།།

 

སེམས་གནས་དགུ་ངོ་སྤྲོད་མདོར་བསྡུས་འདི་ནི་ཁ་ཉིན་གྲོགས་པོ་ཞིག་གིས་གོང་གི་པར་རིས་འདི་ངོ་སྤྲོད་མདོར་བསྡུས་དགོས་ཚུལ་གྱི་རེ་སྐུལ་ལ་རྐྱེན་བྱས་ཏེ་མདོ་སྨད་༧རྗེ་སྐུ་འབུམ་དགོན་པའི་གྲལ་མཐའ་བ་མི་ཁོམ་པའི་རྒྱལ་སྲས་སུ་འབོད་པས་སྤེལ་བ་དགེའོ།། ༢༠༡༢་ལོའི་ཧོར་ཟླ་༡༢་པའི་ཚེས་བཅུ་དྲུག་གི་ཉིན་རྒྱབ་ཏུ།