༄། །འགྲོ་མགོན་བཀའ་བརྒྱུད་པའི་ངོ་སྤྲོད།

     ༄༅། །རྒྱལ་བ་བཀའ་རྒྱུད་པའི་གྲུབ་མཐའ་སོ་སོ་དང་། སྲོལ་འབྱེད་པའི་མཚན། དེའི་འཁྲུངས་འདས་དང་གདན་ས་བཏབ་པའི་ལོ་ཚིགས་བཅས་བཞུགས་སོ།།

 

 

མར་པ་བཀའ་བརྒྱུད།

 

༼མར་པ་བཀའ་བརྒྱུད།༽ སྲོལ་འབྱེད་པ། མར་པ་ཆོས་ཀྱི་བློ་གྲོས། ཆུ་བྱི་ ༡༠༡༢ ལོར་འཁྲུངས། ལྕགས་སྤྲེལ་ ༡༠༢༠ ལོར་ལྷོ་གྲོ་བོ་ལུང་དགོན་པ་བཏབ། དགུང་ལོ་གྱ་དྲུག་ཏུ་ཕེབས་པ་རབ་བྱུང་གཉིས་པའི་མེ་གླང་ ༡༠༩༨ ལོར་གཤེགས་སོ།། དམིགས་བསལ་གྲོ་བོ་ལུང་གི་དགོན་པ་བཏབ་པའི་ལོ་དེ་མར་པ་བཀའ་བརྒྱུད་ཀྱི་སྲོལ་ཚུགས་ལོ་མིན་ངེས།

 



དྭགས་པོ་བཀའ་བརྒྱུད།

 

༼དྭགས་པོ་བཀའ་བརྒྱུད།༽ སྲོལ་འབྱེད་པ། དྭགས་པོ་ཟླ་འོད་གཞོན་ནུ། རབ་བྱུང་དང་པོའི་ས་ལུག་ ༡༠༧༩ ལོར་འཁྲུངས། རབ་བྱུང་གཉིས་པའི་ལྕགས་གླང་ ༡༡༢༡ ལོར་གདན་ས་དྭགས་ལ་སྒམ་པོ་བཏབ། དགུང་ལོ་དོན་ལྔར་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་བྱ་ ༡༡༤༣ ལོར་གཤེགས་སོ།།

 



དྭགས་པོ་ཟླ་འོད་གཞོན་ནུ་ལས་བརྒྱུད་པའི་བཀའ་བརྒྱུད་ཆེ་བཞི།

 

༼ཕག་གྲུ་བཀའ་བརྒྱུད།༽ སྲོལ་འབྱེད་པ། ཕག་གྲུ་རྡོ་རྗེ་རྒྱལ་པོ། རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་༡༡༡༠འཁྲུངས།

རབ་བྱུང་གསུམ་པའི་ས་སྟག་༡༡༥༨ལོར་གདན་ས་བཏབ།

དགུང་ལོ་རེ་གཅིག་ཏུ་ཕེབས་པ་རབ་བྱུང་གསུམ་པའི་ལྕགས་སྟག་༡༡༧༠ ལོར་གཤེགས་སོ།།

 

༼འབའ་རོམ་བཀའ་བརྒྱུད།༽ སྲོལ་འབྱེད་པ། འབའ་རོམ་དར་མ་དབང་ཕྱུག རབ་བྱུང་གཉིས་པའི་མེ་ལུག་༡༡༢༧ལོར་འཁྲུངས། རབ་བྱུང་གསུམ་པའི་ཆུ་བྱ་ ༡༡༥༣ ལོར་ལ་སྟོད་བྱང་དུ་གདན་ས་ཕྱག་བཏབ། དགུང་ལོ་དོན་གསུམ་དུ་ཕེབས་པ་རབ་བྱུང་གསུམ་པའི་ས་ལུག་ ༡༡༩༩ གཤེགས་སོ།།

 

༼ཚལ་པ་བཀའ་བརྒྱུད།༽ སྲོལ་འབྱེད་པ། ཞང་འགྲོ་བའི་མགོན་པོ་གཡུ་བྲག་པ་བརྩོན་འགྲུས་གྲགས་པ། རབ་བྱུང་གཉིས་པའི་མེ་སྤྲེལ་༡༡༡༦ལོར་འཁྲུངས། རབ་བྱུང་གསུམ་པའི་ཤིང་ལུག་༡༡༧༥ལོར་གདན་ས་ཚལ་གུང་ཐང་དགོན་བཏབ། དགུང་ལོ་དོན་གཉིས་ཕེབས་པ་རབ་བྱུང་གསུམ་པའི་ཆུ་གླང་ ༡༡༩༣ ལོར་གཤེགས་སོ།

 

༼ཀརྨ་བཀའ་བརྒྱུད།༽ སྲོལ་འབྱེད་པ། ཀརྨ་པ་དུས་གསུམ་མཁྱེན་པ། རབ་བྱུང་གཉིས་པའི་ལྕགས་སྟག་ ༡༡༡༠ལོར་འཁྲུངས། རབ་བྱུང་གསུམ་པའི་ས་བྱ་ ༡༡༨༩ལོར་གདན་ས་སྟོད་ལུང་ཚུར་ཕུ་བཏབ། དགུང་ལོ་གྱ་བཞིར་ཕེབས་པ་རབ་བྱུང་བཞི་པའི་ཆུ་གླང་༡༡༩༣ལོར་གཤེགས།

 


 

ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་བརྒྱུད་པའི་ཆུང་བརྒྱད།

 

༼ སྨར་བཀའ་བརྒྱུད།༽ སྲོལ་འབྱེད་པ། རྗེ་སྨར་པ་ཤེས་རབ་ཡེ་ཤེས། རབ་བྱུང་གཉིས་པའི་ཤིང་ཡོས་༡༡༣༥ལོར་འཁྲུངས། རབ་བྱུང་གསུམ་པའི་མེ་ཕག་ ༡༡༦༧ ལོར་སྨར་པ་བཀའ་བརྒྱུད་ཀྱི་གདན་ས་ཤོ་དགོན་ཕྱག་བཏབ། དགུང་ལོ་རེ་དགུར་ཕེབས་པ་རབ་བྱུང་གསུམ་པའི་ཆུ་ཕག་ ༡༢༠༣ ལོར་གཤེགས་སོ།།

 

༼ཡེལ་པ་བཀའ་བརྒྱུད།༽ སྲོལ་འབྱེད་པ། སངས་རྒྱས་ཡེལ་པ་ཡེ་ཤེས་བརྩེགས་པ། རབ་བྱུང་གཉིས་པའི་ཤིང་སྟག་ ༡༡༣༤ལོར་འཁྲུངས། རབ་བྱུང་གསུམ་པའི་ལྕགས་ཡོས་ ༡༡༧༡ ལོར་གདན་ས་ཡེལ་ཕུག་དགོན་ཕྱག་བཏབ། དགུང་ལོ་རེ་གཅིག་ཏུ་ཕེབས་པ་རབ་བྱུང་གསུམ་པའི་ཤིང་སྟག་ ༡༡༩༤ ལོར་གཤེགས་སོ།།

 

༼ཁྲོ་ཕུ་བཀའ་བརྒྱུད།༽ སྲོལ་འབྱེད་པ། རྒྱལ་ཚ་ཀུན་དགའ་ཤེས་རབ། རབ་བྱུང་གཉིས་པའི་ས་ཁྱི་སྤྱི་ལོ་༡༡༡༨ འཁྲུངས། རབ་བྱུང་གསུམ་པའི་ལྕགས་ཡོས་༡༡༧༡ལོར་གདན་ས་ཁྲོ་ཕུ་དགོན་ཕྱག་བཏབ། དགུང་ལོ་དོན་བརྒྱད་དུ་ཕེབས་པ་རབ་བྱུང་གསུམ་པའི་ཤིང་ཡོས་ ༡༡༩༥ ལོར་གཤེགས་སོ།།

 

༼འབྲི་གུང་བཀའ་བརྒྱུད།༽ སྲོལ་འབྱེད་པ། སྐྱོབ་པ་འཇིག་རྟེན་གསུམ་མགོན། རབ་བྱུང་གཉིས་པའི་ཆུ་ཕག་ ༡༡༤༣ ལོར་འཁྲུངས། རབ་བྱུང་གསུམ་པ་ས་ཕག་ ༡༡༧༩ ལོར་གདན་ས་མཐིལ་ཕྱག་བཏབ། དགུང་ལོ་དོན་བཞིར་ཕེབས་པ་རབ་བྱུང་བཞི་པའི་མེ་གླང་ ༡༢༡༧ ལོར་གཤེགས་སོ།།

 

༼ཤུག་གསེབ་བཀའ་བརྒྱུད།༽ སྲོལ་འབྱེད་པ། གྱེར་སྒོམ་ཚུལ་ཁྲིམས་སེང་གེ། རབ་བྱུང་གཉིས་པའི་ཤིང་བྱི་ ༡༡༤༤ ལོར་འཁྲུངས། རབ་བྱུང་གསུམ་པའི་ལྕགས་གླང་༡༡༨༡ ལོར་གདན་ས་སྙེ་ཕུར་ཤུག་གསེབ་དགོན་ཕྱག་བཏབ། དགུང་ལོ་རེ་གཅིག་ཏུ་ཕེབས་པ་རབ་བྱུང་གསུམ་པའི་ཤིང་བྱི་ ༡༢༠༤ ལོར་གཤེགས་སོ།།

 

༼ སྟག་ལུང་བཀའ་བརྒྱུད།༽ སྲོལ་འབྱེད་པ། སྟག་ལུང་ཐང་པ་བཀྲ་ཤིས། རབ་བྱུང་གཉིས་པའི་ཆུ་ཁྱི་ ༡༡༤༢ ལོར་འཁྲུངས། རབ་བྱུང་གསུམ་པའི་ལྕགས་བྱི་ ༡༡༨༠ བྱང་སྟག་ལུང་དུ་གདན་ས་བཏབ། དགུང་ལོ་རེ་དགུར་ཕེབས་པ་རབ་བྱུང་བཞི་པའི་ལྕགས་རྟ་ ༡༢༡༠ ལོར་གཤེགས་སོ།།

 

༼ འབྲུག་པ་བཀའ་བརྒྱུད།༽ སྲོལ་འབྱེད་པ། གྲུབ་ཆེན་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ། རབ་བྱུང་གསུམ་པའི་ལྕགས་སྦྲུལ་ ༡༡༦༡ ལོར་འཁྲུངས། རབ་བྱུང་གསུམ་པའི་མེ་ཡོས་ ༡༢༠༧ ལོར་གདན་ས་གནམ་འབྲུག་དགོན་ཕྱག་བཏབ། དགུང་ལོ་ང་གཅིག་ཏུ་ཕེབས་པ་རབ་བྱུང་བཞི་པའི་ལྕགས་ལུག་ ༡༢༡༡ ལོར་གཤེགས་སོ།།

 

༼ གཡའ་བཟང་བཀའ་བརྒྱུད།༽ སྲོལ་འབྱེད་པ། གཡའ་བཟང་ཆོས་རྗེ་ཆོས་ཀྱི་སྨོན་ལམ། རབ་བྱུང་གསུམ་པའི་སྤྱི་ལོ་ ༡༡༦༩ འཁྲུངས། རབ་བྱུང་གསུམ་པའི་མེ་སྟག་སྤྱི་ལོ་ ༡༢༠༦ ལོར་གདན་ས་ཡར་ལུང་གཡའ་བཟང་དགོན་ཕྱག་བཏབ། དགུང་ལོ་རེ་ལྔར་ཕེབས་པ་རབ་བྱུང་བཞི་པའི་ཆུ་སྦྲུལ་ ༡༢༣༣ ལོར་གཤེགས་སོ།།

 



ཀརྨ་པ་ལས་བརྒྱུད་པའི་གནས་ཟུར་གཉིས།

 

༼ཟུར་མང་བཀའ་བརྒྱུད།༽ སྲོལ་འབྱེད་པ། རྨ་སེ་རྟོགས་ལྡན་བློ་གྲོས་རིན་ཆེན། རབ་བྱུང་དྲུག་པའི་མེ་སྟག་ ༡༣༨༦ ལོར་འཁྲུངས། རབ་བྱུང་དྲུག་པའི་ཆུ་ཡོས་ ༡༤༢༣ ལོར་གདན་ས་ཟུར་མང་དགོན་བཏབ། དགུང་ལོ་ཞེ་གསུམ་ཕེབས་པ་རབ་བྱུང་བཅུ་བདུན་པའི་ས་སྤྲེལ་ ༡༤༢༨ ལོར་གཤེགས་སོ།།

 

༼གནས་མདོ་བཀའ་བརྒྱུད།༽ སྲོལ་འབྱེད་པ། མཁས་གྲུབ་ཀརྨ་ཆགས་མེད། རབ་བྱུང་བཅུ་པའི་ས་བྱ་༡༦༠༩ ལོར་འཁྲུངས། གདན་ས་ཁམས་ཀྱི་དཔལ་རི་རྩེ་ཞེས་པ་ཕྱག་བཏབ་ཀྱང་དུས་ཚོད་གསལ་བོར་མ་རྙེད། དགུང་ལོ་བདུན་བཅུར་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ས་རྟ་ ༡༦༧༩ ལོར་གཤེགས་སོ།།

 



ཤངས་པ་བཀའ་བརྒྱུད།

 

༼ ཤངས་པ་བཀའ་བརྒྱུད།༽ སྲོལ་འབྱེད་པ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། ཤིང་སྟག་ ༡༠༡༤ ལོར་འཁྲུངས། ལྕགས་གླང་ ༡༠༦༡ ལོར་གཡས་རུ་ཤངས་ཀྱི་ཞང་ཞོང་དུ་གདན་ས་བཏབ། དགུང་ལོ་བརྒྱ་དང་ལྔ་བཅུ་བཞུགས་པར་གྲགས་ཀྱང་གསལ་བོར་མ་ངེས་ཞེས་བཤད་སྲོལ་ཡང་ཡོད་དོ། །

 

གསལ་བཤད་བྱ་རྒྱུར། གདན་ས་བཏབ་པ་ནི་གྲུབ་མཐའ་དེ་སྲོལ་དོད་པའི་དུས་ཚིགས་ཡིན་ལ། གྲུབ་མཐར་མིང་གཉིས་ཡོད་པ་དང་། སྲོལ་འབྱེད་ཀྱི་བླ་མ་གཉིས་ཀྱིས་མཛད་པ་སོགས་འདུག་ཀྱང་། གཙོ་བོ་གཅིག་གིས་ཆོད་པར་བྱས་ཏེ། གཅིག་ལས་བཀོད་མེད།

༼དཔྱད་ཡིག༽ བཀའ་བརྒྱུད་པའི་གྲུབ་མཐའ་སྤྱི་བཤད། མཁས་པའི་དགའ་སྟོན། དེབ་སྔོན། དེབ་དམར། བདུད་འཇམ་ཆོས་འབྱུང་། པདྨ་རཱ་གའི་ལྡེ་མིག དུང་དཀར་ཚིག་མཛོད། མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར། ཁམས་སྟོད་ལོ་རྒྱུས་ཐོར་བུ། གཞན་ཆོས་བརྒྱུད་སོ་སོའི་བླ་རབས་དང་གསེར་ཕྲེང་གི་དེབ་སྣ་ཚོགས། བླ་མ་སོ་སོའི་རྣམ་ཐར་སྣ་ཚོགས་སོགས་སོ།།

 

_____བཏུ་སྒྲིག་པ། དབའ་བཀྲ།