༄། །མ་ཎི་འཁོར་ལོའི་ཕན་ཡོན།

 

 

༄།    རྒྱུ་དངུལ་དང་།  ཟངས།  ར་གན།  ལྕགས་ཤོག   ཤིང་།  དར།  རས་འཐུམས་སོགས་གང་འབྱོར།  ཆེ་ཆུང་གི་ཚད་མ་ངེས་པ་འདོད་བབས་བཞིན་སྣ་ཚོགས།  རིན་པོ་ཆེ་སོགས་ཀྱི་ཏོག་དང་ཕྲ་རྒྱན་ཡ་བ་རྣམས་འཚམས་པར་བཀོད།  ཁྱད་པར་དངུལ་ཟངས་ལས་གྲུབ་པ་རྣམས་འཐམས་སང་ངམ།  ཡང་ན་སྟེང་དུ་འཁོར་ལོ་རྩིབས་བཞི་དང་བརྒྱད་དང་བཅུ་རྣམས།  འོག་ཏུ་པད་འདབ་བཞི་དང་བརྒྱད་དང་བཅུ་གཉིས་སོགས་ཤོངས་ཚད།  བར་གྱི་རྭ་བ་ལ་རྟགས་བརྒྱད་སོགས་བཀྲིས་པའི་རི་མོ་འབུར་བྲིས་སམ་འབུར་བཀོད།  ཕྲ་ཁུང་སྦུད་འགྲིལ་དོད་པར་གཡུ་བྱུར་སོགས་ཀྱིས་རྒྱན་བཀོད།  སྐོར་རྡོ་ཟུར་དྲུག་པའམ་ཟླུམ་པོ་གང་བདེ་ཁྲོམ་ཚོགས་སུ་མི་ལ་མ་ཕོག་པར་དྲུང་ཞིང་དལ་བུས་བསྐོར།  ནང་དུ་སངས་རྒྱས་དང་བྱང་སེམས་རིག་པ་འཛིན་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གཟུངས་སྔགས་སྤྱི་དང་།ཁྱད་པར་མགོན་པོ་མི་འཁྲུགས་པ་དང་།  རིན་ཆེན་གཙུག་ཏོར་ཅན།  སྣང་བ་མཐའ་ཡས།  སྤྱན་རས་གཟིགས།  སྨན་བླ།  སྣང་སྲིད་ཟིལགནོན་རྣམས་ཀྱི་གཟུངས་ལ་ཁ་སྐོང་རྟེན་འབྲེལ་སྙིང་པོས་བརྒྱན།  དེ་ལྟར་བྱིན་རླབས་རབ་གནས་དང་ལྡན་པ་རྒྱུན་དུ་བསྐོར་བའི་ཕན་ཡོན་ནི།  ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་ལྟུང་བག་ཆགས་ཐམས་ཅད་རིན་གྱིས་འདག་ནས།  གནས་སྐབས་སུ་ནད་གདོན་གནོད་པ་སོགས་དང་དུས་མིན་འཆི་བའི་བར་ཆད་མི་འབྱུང་ཞིང་།  བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་ཐེག་པ་ཆེན་པོའི་ས་ལམ་གྱི་ཡོན་ཏན་རྒྱུད་ལ་སྐྱེ་བ་དང་།  ལུས་ཞིག་ནས་བདེ་པ་ཅན་དང་པདམ་འོད་ལ་སོགས་པའི་ཞིང་ཁམས་ཉམས་དགའ་བ་རྣམས་སུ་དབུགས་དབྱུང་བ་དང་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱེད་ནུས་པ་སོགས་བསམ་གྱིས་མི་ཁྱབ་སྟེ།  རྗེ་བཙུན་སྤྱན་རས་གཟིགས་ཀྱིས།  གཟུངས་སྔགས་འཁོར་ལོ་ཆེན་པོ་འདི།  འཁོར་ལོ་གཞན་ལས་ཁྱད་པར་འཕགས།སྐལ་པ་ལྡན་པའི་འགྲོ་བ་རྣམས།འཁོར་ལོ་གཞན་ལས་ཁྱད་པར་འཕགས།  སྐལ་པ་ལྡན་པའི་འགྲོ་བ་རྣམས།  །ཆོས་འཁོར་འདི་ལ་བློ་གཏད་ནས།  །བསྐོར་ཞིང་གསོལ་བ་བཏབ་པ་ནི།།འདི་ཕྱིའི་སྐྱབས་མགོན་མཆོག་ཡིན་ནོ།།  ཞེས་དང་།  ཆུ་ལ་འཁོར་ལོ་བཙུགས་པ་ན།  ཆུ་ནང་གནས་པའི་སེམས་ཅན་དང་།  ཆུ་དེ་འཐུང་བའི་འགྲོ་བ་རྣམས།  ངན་སོང་སྡུག་བསྔལ་ལས་གྲོལ་ལོ།  ཞེས་དང་།  ཡིག་དྲུག་འཁོར་ལོ་ཆེན་པོ་འདི།  །སྟེང་དུ་རླུང་ལ་བཙུགས་པ་ན།།རླུང་ཟེར་ཕོག་པའ་སེམས་ཅནདང་།  །རླུང་ཕྱོགས་གནས་པའི་འགྲོ་བ་རྣམས།  །ངན་སོང་སྡུག་བསྔལ་ལས་གྲོལ་ལོ།  །འོག་ཏུ་མེ་ལ་བཙུགས་པ་ན།  །དུད་དྲི་ཚོར་ཚད་སེམས་ཅན་དང་།  །མེ་འོད་ཕོག་པའི་འགྲོ་བ་རྣམས།  །ངན་སོང་སྡུག་བསྔལ་ལས་གྲོལ་ལོ།  །ཞེས་དང་།  སློབ་དཔོན་ཆེན་པོས།  བརྩོན་འགྲུས་ལྡན་པའི་གང་ཟག་གི།  བཟླས་བརྗོད་དག་གི་གྲོགས་སུ་འགྱུར།  །སྡིག་པ་དཔག་ཏུ་མེད་པ་ཡང་།  །འབད་པ་མེད་པར་བྱང་བར་འགྱུར།  །ཞེས་སོགས་གསུངས་པ་ལྟར་ཉེས་ལྟུང་སྦྱོང་བ་ལ་མཆོག་ཏུ་བསྔགས་པའི་ཚུལ་རྒྱས་པར་སྙིང་རྗེ་པད་མ་དཀར་པོ་དང་།  སློབ་དཔོན་པད་མ།  ཀརྨ་པཀྵཨི།  ཉག་བླ་པད་མ་བདུད་འདུལ།  གུང་ཐང་བསྟན་པའི་སྒྲོན་མེ་རྣམས་ཀྱིས་གསུང་རབ་ལས་མཁྱེན་པར་བྱའོ།།