༄། །དམ་ཆོས་དགོངས་པ་གཅིག་པའི་རྩ་བ་བཞུགས་སོ། །

 ༄། ། དམ་ཆོས་དགོངས་པ་གཅིག་པའི་གཞུང༌།  །རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་བ་ཞེས་བྱ་བ།

   སྟོབས་བཅུའི་དབང་ཕྱུག་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ།  །དྲི་མེད་འོད་གསལ་ཐུགས་ཀྱི་དཀྱིལ་འཁོར་དུ། །མ་འདྲེས་ཤེས་བྱའི་དངོས་པོ་ཇི་ལྟ་བ། །ཐམས་ཅད་གཟིགས་པ་ཀུན་མཁྱེན་ཆོས་ཀྱི་རྗེ། །མཉམ་མེད་འབྲི་གུང་རིན་ཆེན་ཕྱག་འཚལ་ལོ། །རྒྱལ་བ་མཆོག་གི་ཞལ་ནས་གསུངས་པ་ཡི། །དམ་ཆོས་ཁྱད་འཕགས་ཐུན་མོང་མ་ཡིན་པ། །སྔོན་དུ་མཛད་པའི་བཞེད་ཚུལ་དཔག་མེད་ཀྱང༌། །རྨོངས་པས་དྲན་པ་ཅུང་ཟད་ཙམ་ཞིག་བྲི། །ཆོས་ཀུན་གཤིས་སམ་བབས་ཀྱི་གནས་ལུགས་བསྟན། །ཆོས་ཕུང་བརྒྱད་ཁྲི་སངས་རྒྱས་སྒྲུབ་པར་གཅིག །སྡེ་སྣོད་རྒྱུད་སྡེ་ལམ་གྱི་རིམ་པ་ཡིན། །ཆོས་འཁོར་རྣམ་གསུམ་འཁོར་གྱི་རྟོགས་པའི་ཁྱད། །འཁོར་ལོ་རེ་རེ་ལ་ཡང་གསུམ་ག་ཚང༌། །ཕྱི་མའི་ས་བོན་སྔ་མ་སྔ་མར་གནས། །མདོ་དོན་གནད་ཀྱིས་འཁོར་ལོ་གསུམ་དུ་ངེས། །འདུལ་བའི་སྡེ་སྣོད་བདེན་བཞིའི་ཆོས་འཁོར་ཏེ། །ཐེག་པ་སྣ་ཚོགས་ངེས་དོན་འཁོར་ལོ་ཡིན། །མཐའ་དྲུག་དགོངས་པ་ངེས་དོན་འབའ་ཞིག་བཞེད། །སེམས་ཙམ་བཀའ་ཡིས་མཐའ་བྲལ་དབུ་མ་སྟོན། །ལོག་པའི་ཀུན་རྫོབ་ཀྱིས་ཀྱང་དོན་བྱེད་ནུས། །ཇི་སྙེད་ལམ་རྣམས་ས་བཅུས་བགྲོད་པ་སྟེ། །དེ་ཡང་རིམ་གྱིས་འཇུག་པ་ཁོ་ནར་ངེས། །ཤེས་བྱའི་སྒྲིབ་པ་ཐོག་མར་སྤོང་བའང་ཡོད། །ཚད་མ་སངས་རྒྱས་མཁྱེན་པའི་ཡེ་ཤེས་ཏེ། །ཚད་མའི་འབྲས་བུས་ཟབ་མོ་སྟོང་ཉིད་སྟོན། ། གྲུབ་མཐའ་འཛིན་པ་ཐམས་ཅད་རང་རྒྱུད་པ། །མུ་སྟེགས་པ་ལའང་དགེ་བའི་བསྒྲུབ་བྱ་མང༌། །ཕྱི་ནང་ཁྱད་པར་སྐྱབས་འགྲོས་འབྱེད་པ་སྟེ། །ཐེག་པ་ཆེ་ཆུང་ཁྱད་པར་སེམས་བསྐྱེད་ཡིན། །མདོ་དང་སྔགས་ཀྱི་ཁྱད་པར་དབང་ཡིན་ཏེ། །དེ་གཉིས་གང་མེད་རྫོགས་བྱང་ཐོབ་མི་སྲིད། །སྡོམ་གསུམ་མི་དགེ་བཅུ་སྤོང་གནད་གཅིག་ལ།  །བདག་པོ་འཕོས་པས་སྡོམ་པ་གསུམ་དུ་འོང༌། །རང་བཞིན་རྣམ་དག་བྲལ་འབྲས་ཡོན་ཏན་ལྡན། །བྱང་ཕྱོགས་སོ་བདུན་བདེ་གཤེགས་སྙིང་པོ་ཡོད། །ཚད་མེད་རྣམ་བཞི་སངས་རྒྱས་ངོ་བོ་ཉིད། །ཐེག་པ་ཐམས་ཅད་རིགས་གཅིག་ཐེག་པར་གཅིག །ཉན་རང་ལོག་སྲེག་ཅན་ཡང་རྣམ་མཁྱེན་འགྱུར། །ཆོས་འཁོར་གནད་བསྡུས་ཀྱི་སྐབས་ཏེ་དང་པོའོ།  ། 

 དགེ་སྡིག་གཉིས་ལས་ལུང་མ་བསྟན་གཞན་མེད། །རྟོག་གཉིས་ཅིག་ཅར་འཇུག་པ་མི་སྲིད་ལ། །སེམས་བྱུང་ལས་ཀྱང་སེམས་ནི་འབྱུང་བའང་ཡོད། །འཁོར་བའི་རྒྱ་མཚོར་ལུས་ཉིད་འཁོར་བར་བཞེད། །རྟེན་འབྲེལ་བཅུ་གཉིས་མ་རིག་ཁོ་ནའི་གཡོས། །བཅུ་གཉིས་དེ་ཡང་སྐད་ཅིག་གཅིག་ལ་ཚང༌། །སེམས་ནི་ཐ་དད་དབང་གི་སྣང་བ་ཡང༌། །ད་ལྡ་ཉིད་དུ་གང་བསྒྲུབས་འབྲས་བུར་སྤྱོད། །དུས་ཀྱི་འཕེལ་འགྲིབ་ད་ལྟར་བྱ་ཡོད་ཡིན། །ཚེ་འདི་རང་ལ་མཐོང་ཆོས་གཙོ་བོར་འབྱུང༌། །མི་ཆོས་བཅུ་དྲུག་ལྷ་ཆོས་གནད་གཅིག་སྟེ། །གཙོ་ཕལ་ཙམ་ལས་འབྲས་ཐོབ་རྒྱུན་ཆད་མེད། །ཤེས་རབ་བསླབ་པ་ཐོག་མར་འགྲོ་བའང་ཡོད། །ལམ་རིམ་ཐམས་ཅད་ཐུན་གཅིག་ཉམས་ལེན་དགོས། །ཞིང་གཅིག་ལ་ཡངས་སངས་རྒྱས་གྲངས་མེད་འབྱོན།  །རྟེན་འབྲེལ་གནད་བསྡུས་ཀྱི་སྐབས་ཏེ་གཉིས་པའོ།  །

 དམ་ཆོས་འདུལ་བ་ཐེག་པ་ཐུན་མོང་སྟེ། །ལྷག་པར་ཐེག་པ་ཆེན་པོར་གསལ་བཞུགས་ལ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ཉིད་ཡིན། །བར་ཆད་ལྡན་ལའང་སྡོམ་པ་སྐྱེ་ངེས་ཏེ། །ངོ་བོ་རྣམ་པར་རིག་བྱེད་མིན་པའི་གཟུགས། །ལྟུང་བ་མཐའ་དག་ལ་ནི་འདུ་ཤེས་གཙོ། །ཡིད་ཀྱི་རྣམ་གསུམ་གཙོ་བོར་སྤོང་བ་དགོས།  །གཏོང་བའི་རྒྱུ་ཡིས་མི་གཏོང་བ་ཡང་ཡོད། །ཕམ་པ་བཞི་ནི་བུ་ལོན་ནོར་ཅན་བཞིན། །སྣ་གཅིག་བསྲུངས་པས་འབྲས་བུ་མྱང་འདས་འཐོབ། །བཅས་དང་རང་བཞིན་ཁ་ན་མ་ཐོ་གཅིག །སྡིག་ལྟུང་ཐ་དད་མེད་ཅིང་གཅིག་པ་ཡིན། །བཀག་པ་ཡེ་བཀག་གནང་བ་ཡེ་གནང་ལ། །ཆོས་ཀྱི་རྒྱལ་པོས་འགྲོ་བ་སྤྱི་ལ་བཅས། །འགྲོ་བ་གང་གིས་འདས་ཀྱང་ཉེས་པ་དང༌། །བསྲུངས་པའི་ཕན་ཡོན་ཡང་ནི་ཀུན་ལ་འབྱུང༌། །བསྟན་ལ་ཆོ་ག་ལྷག་པར་གལ་ཆེ་ལ། །མི་ཤེས་གཏི་མུག་ཉེས་པ་གཞན་ལས་ལྕི། །དུད་འགྲོ་གཏི་མུག་ཆེ་བས་དམན་པ་ཡིན། །ཉམས་ལས་མ་ཐོབ་ཉེས་པ་ཆེ་བར་བཞེད། སོ་ཐར་གནད་བསྡུས་ཀྱི་སྐབས་ཏེ་གསུམ་པའོ།  །

 བྱང་ཆུབ་སེམས་དང་སྙིང་རྗེ་ཐ་དད་ཡིན། །བྱང་ཆུབ་སེམས་དཔའི་སྡོམ་པ་རྟེན་ཅན་བཞེད། །སོ་སོ་སྐྱེ་བོ་ལ་ཡང་འཇུག་སྡོམ་སྐྱེ། །ཅི་རིགས་ཀྱིས་ཀྱང་འཇུག་པའི་སྡོམ་པར་འགྱུར། །ཉོན་མོངས་ཅན་མིན་ལྟུང་བ་མི་སྲིད་ཅིང༌། །ཉེས་པར་མི་འགྱུར་མི་དགེ་གནང་བ་མེད། །ཐབས་མཁས་སྤྱོད་ལ་མི་དགེ་ཡོད་མ་ཡིན། །རང་གཞན་བརྗེ་བ་ཉེས་པ་འགྱུར་སྐབས་ཡོད། །སེམས་དཔར་གནོད་བྱས་བདེ་བར་མི་འབྲེལ་ཞིང༌། །དགེ་དང་མི་དགེའི་འབྲས་བུ་སོ་སོར་འབྱུང༌། །བྱང་ཆུབ་སེམས་ནི་བརྗེད་ལས་འཆོར་མི་སྲིད། །སྒྲིབ་པ་རྣམས་གསུམ་ཉོན་མོངས་སྒྲིབ་པ་གཅིག །ཇི་སྙེད་གྲུབ་པས་དོན་དམ་བདེན་པ་བསྒྲིབས། །ཉན་ཐོས་ཀྱིས་ཀྱང་གནས་ལུགས་ཕྱོགས་གཅིག་མཐོང༌། །ས་དྲུག་མན་ཆད་ཉན་རང་ཐུན་མོང་སྟེ། །སེམས་ཙམ་པ་ནི་ས་བདུན་མངོན་རྟོགས་ཡིན། །ཆོས་ཀྱི་བདག་མེད་ས་བརྒྱད་མངོན་དུ་བྱས། །རྟོགས་པ་གཅིག་གིས་ས་ལམ་མ་ལུས་བགྲོད། །ས་ཐོབ་ཡོན་ཏན་འབྱུང་ཚུལ་མུ་དྲུག་ཡོད། །གཞི་ལམ་འབྲས་བུར་ཚོགས་གཉིས་ཟུང་འཇུག་ནས། །མཐོ་དམན་ཀུན་ཏུ་ཞིང་ནི་གདམས་པ་ཟབ། །བདག་ཏུ་བཟུང་སྟེ་ཚོགས་བསགས་ཐབས་མཁས་བཞེད། །འཁོར་འདས་ཀུན་གྱིས་བསགས་ཡོད་དགེ་བ་བསྔོ། །སངས་རྒྱས་བླ་མ་ལ་ཡང་བསྔོ་བ་དགོས། །བྱང་སེམས་གནད་བསྡུས་ཀྱི་སྐབས་ཏེ་བཞི་བའོ།  ། 

གསང་སྔགས་བསྟན་པ་གཞན་ལའང་འབྱུང་བ་ཡོད། །དབང་དོན་རྒྱུད་ལ་སྐྱེས་ནས་ཐོབ་པར་བཞེད། །ལྷ་ནི་ཕྱོགས་གཅིག་པས་ཀྱང་དབང་བསྐུར་འགྲོ། །རྟོགས་པ་མ་སྐྱེས་དཔེ་དོན་ཁོང་མི་ཆུད། །བསྐྱེད་པའི་རིམ་པ་གདོད་ནས་ཡོངས་སུ་གྲུབ། །རང་བྱུང་རྣམས་ལ་འཇུག་པའི་ཆོ་ག་དགོས། །ལྷ་རྣམས་ཐམས་ཅད་མཚན་དཔེའི་ཡོན་ཏན་ལྡན། །མདོ་རྒྱུད་ལས་གསུང་ལྷ་རྣམས་གཙོ་བོར་བྱ། །དབང་པོ་རབ་ལ་ཆོ་ག་རྒྱས་པ་དགོས། །སྤྲོས་པ་ཐམས་ཅད་བབས་ཀྱི་རྟེན་འབྲེལ་ཡིན། །རྡོ་རྗེའི་ལུས་ནི་ཟབ་མོའི་འཁོར་ལོར་བཞེད། །གནས་ལུག་འགའ་ཞིག་རྡོ་རྗེ་འཆང་གིས་སྦས།  །ལས་དང་འདུག་ཚུལ་འགའ་ཞིག་སྨན་རྒྱུད་ཟབ། །གཞན་གྱི་མི་ཟབ་པ་རྣམས་འདིར་ཟབ་སྟེ། །དེ་མེད་རྩ་རླུང་གདམས་པས་སངས་མི་རྒྱ། །བཀའ་དང་འགལ་བའི་ཉམས་མྱོང་ལོག་རྟོག་ཡིན། །དགོངས་པ་ཐམས་ཅད་འགལ་མེད་ཤེས་པར་དགོས། །གདམས་ངག་ལྟར་མིན་བཀའ་ལྟར་འོང་བར་བཞེད། །སྐྱོན་མེད་ཏིང་འཛིན་ཁམས་གསུམ་འཁོར་བའི་རྒྱུ། །སྐུ་གསུམ་རེ་རེ་ལ་ཡང་གཞན་གཉིས་ཚང༌། །གསང་སྔགས་ལ་ནི་ཚུལ་ཁྲིམས་མེད་ཀ་མེད། །འདོད་པས་བར་དུ་གཅོད་པ་མདོ་སྔགས་གཅིག །སྔགས་ཀྱི་མི་དགེ་དགེ་བར་འགྱུར་སྐབས་མེད། །འདུལ་བར་མི་དགེ་སྔགས་སུའང་དགེར་མི་འགྱུར། །ཉོན་མོངས་དག་འབྲས་བདེ་བར་གཤེགས་པ་ཉིད། །མཐུ་བསྟན་ཙམ་ལས་མངོན་སྤྱོད་གནང་བ་མེད། །རྡོ་རྗེ་དམྱལ་བ་མནར་མེད་ལ་སོགས་ཡིན། །སློབ་དཔོན་རྒྱུད་ཚོད་མཐོ་ན་མྱུར་དུ་འདྲེན། །གསང་སྔགས་གནད་བསྡུས་ཀྱི་སྐབས་ཏེ་ལྔ་བའོ།  །

༈ དམ་པའི་ཆོས་གང་བརྒྱུད་པར་འབྲེལ་པ་ཟབ། །འཁོར་འདས་ཆོས་ཀུན་རང་གི་སེམས་སྣང་ཙམ། །རྒྱུ་འབྲས་སྐད་ཅིག་བསམ་པའི་རང་གཟུགས་ཡིན། །གཤིས་ལ་མི་གནས་བལྟས་པའི་འགྱུར་མི་སྲིད། །མཚན་ཉིད་མི་ལྡན་ཡོན་ཏན་སྐྱེད་མི་ནུས། །རྟོགས་པ་སྐྱེད་ཐབས་མོས་གུས་ཁོ་ནར་ངེས། །ལྟ་བའི་མཆོག་གྱུར་རྟོགས་པ་དང་ལྡན་པ། །ཆེན་པོ་གསུམ་གྱིས་མ་རེག་རྟོགས་པའི་མཆོག །ཐོས་བསམ་སྒོམ་པའི་སྟོང་ཉིད་ཤོལ་གོལ་ཡིན། །རྟོགས་པ་གོམས་པར་བྱེད་པ་སྒོམ་པ་སྟེ། །སྤྱོད་པ་བླང་དོར་བྲལ་བ་ཚུལ་ཁྲིམས་བཞེད།  །ལྟ་སྒོམ་སྤྱོད་གསུམ་ཐ་དད་མེད་པར་གཅིག །ཕྱག་ཆེན་ཚུལ་ཁྲིམས་གནད་གཅིག་ཁྱད་པར་ཆོས། །ཕྱག་ཆེན་ཡོན་ཏན་ཀུན་གྱི་བདག་ཉིད་དེ། །མཉམ་པར་བཞག་ལས་ཡོན་ཏན་ཐམས་ཅད་འབྱུང༌། །རྒྱུ་ནི་མ་བསྒྲུབས་ཡོན་ཏན་འབྱུང་མི་སྲིད། །སྟོང་ཉིད་རྟོགས་ན་རྒྱུ་འབྲས་ཉིད་དུ་ལྡང༌། །རྟོགས་ལྡན་ལ་ཡང་ཐམས་ལམ་ལྷག་པར་དགོས། །རིགས་སྤྱོད་ཁྱད་དུ་འཕགས་པ་ཚུལ་ཁྲིམས་ཡིན། །ཆོས་གསུམ་མི་ལྡན་ཉན་རང་ཁྱད་པར་མེད། །ལྟ་སྒོམ་སྤྱོད་པ་གནད་བསྡུས་ཀྱི་སྐབས་ཏེ་དྲུག་པའོ།  ། 

 སངས་རྒྱས་ས་ན་བདེན་གཉིས་རྣམ་དབྱེར་མེད། །མཁྱེན་པའི་ཡེ་ཤེེས་གཉིས་མེད་མཐའ་དང་བྲལ། །རྒྱུ་མ་ལྟ་བུའི་ཆོས་ལས་ཡང་དག་འདས། །སངས་རྒྱས་དུས་རྣམས་རྟག་ཏུ་ཚད་མར་བཞུགས།  །བྲལ་བའི་འབྲས་བུས་ཡེ་ཤེས་ཐུགས་ཅན་བཞེད། །ཆོས་སྐུ་ཡོན་ཏན་མཛད་པ་ཕྲིན་ལས་བཅས། །མཐར་ཐུག་སངས་རྒྱས་ས་ནའང་ཐུགས་བསྐྱེད་ཡོད། །ཐུགས་ནི་རྟག་ཆད་ལྟ་བ་ཚུན་ལའང་འབྱུང༌།  ། ཤེས་བྱ་སྲིད་ཚད་སངས་རྒྱས་བྱ་བ་བྱེད། །ཆོས་དབྱིངས་ཀུན་ཏུ་འཚང་རྒྱ་དགོས་པར་བཞེད། །རྒྱུ་མེད་སྤྲུལ་པ་མི་སྲིད་རང་རྒྱུད་པ།  །སངས་རྒྱས་ཞེས་བྱ་རྟེན་ཅིང་འབྲེལ་འབྱུང་སྐུ། །སྨོན་འཇུག་ལོངས་སྤྲུལ་རྒྱུ་རུ་བཞེད་པའང་ཡོད། །སྐུ་གསུམ་ཐ་དད་མེད་ཅིང་བཞུགས་པ་ཡིན། །སངས་རྒྱས་ཐམས་ཅད་སེམས་ཅན་རྒྱུད་ལ་བཞུགས།  ། འབྲས་བུ་གནད་བསྡུས་ཀྱི་སྐབས་ཏེ་བདུན་པའོ།  ། 

ཇི་ལྟར་འཇིག་རྟེན་འདི་ན་ཕ་ཡི་བུ། །ལོངས་སྤྱོད་ཕལ་པའི་འབྱོར་བ་ལྡན་གྱུར་ཀྱང༌། །ཕ་ཡིས་ཁྱད་ནོར་གཞན་ལ་མེད་པ་དག མ་ཐོས་མི་འཛིན་དེ་ནི་སྨད་པ་ལྟར། །དེ་བཞིན་མཚུངས་མེད་འཇིག་རྟེན་མགོན་པོ་ཡིས། །མངོན་དུ་མཛད་པའི་ཁྱད་པར་ཆོས་འདི་དང༌།  །སྔོན་ཆད་མ་གྲགས་ཕྱི་དུས་འཇིག་རྟེན་འདིར། །རྗེས་འབྲང་སྲས་ཀྱིས་མི་འཛིན་དེ་དང་མཚུངས། །དེ་ཕྱིར་རིགས་ལྡན་ཕ་ཡི་གདུང་འཚོབ་པ། །རིགས་འཚོལ་གཞན་ལ་སྨོད་པར་མི་བྱེད་ཅིང༌། །གྲགས་ལྡན་དེ་ཡི་བཞེད་པའི་ཐུགས་དགོངས་རྣམས། །ནན་ཏན་ཆེན་པོས་འཛིན་པ་ངོ་མཚར་ཆེ། །བསྟན་འཛིན་ཆོས་མཛད་སྐྱེས་བུ་དམ་པ་རྣམས། །བུ་སྟོང་ནང་དུ་འཁོར་ལོས་སྒྱུར་རྒྱལ་གྱི། །མཚན་ལྡན་སྲས་ནི་ཁྱད་པར་འཕགས་པ་བཞིན། །བསྟན་པའི་སྒོར་ཞུགས་ཀུན་གྱི་ནང་ན་མཛེས། །ཐུན་མོང་མ་ཡིན་དམ་པའི་སྙིང་པོ་དང༌། །རབ་འབྱམས་ཐུབ་པའི་བཀའ་ལ་མ་རྨོངས་པས། །ཕྱི་རོལ་རྒོལ་བ་ངན་པའི་ཝ་ཚོགས་ཀྱིས། །གངས་ཅན་སེང་གེ་ལྟ་བུར་ཉམས་ང་མེད།  ། རིགས་མཐུན་འཁོར་དང་སྣ་ཚོགས་གདུལ་བྱ་ལ། །མ་འདྲེས་ཆོས་ཀྱི་ཁྱད་པར་ལེགས་བསྟན་པ། །དམན་དང་མཆོག་གི་བྱེ་བྲག་རབ་ཕྱེ་སྟེ། །སྙན་པའི་སྒྲ་ཆེན་འབྲུག་སྒྲ་ཕྱོགས་བཅུར་སྒྲོགས། །དེ་ལྟར་ཟབ་ཅིང་རྒྱ་ཆེ་བླ་མེད་པའི། །དགོངས་པ་རྒྱ་མཚོ་ཆེ་ལྟར་ཡངས་པ་ལས། །སྐྲ་རྩེའི་ཆུ་ཐིགས་ཙམ་ཞིག་སྨྲས་པ་འདི། །བན་ལྡོམ་ཤེས་རབ་འབྱུང་གནས་བདག་གིས་བྲིས། །རྣམ་དག་གང་རི་ལྟར་དཀར་དགེ་བ་འདིས། །རིན་ཆེན་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །འཇིག་རྟེན་མི་ཤེས་གཏི་མུག་རྣམ་བྲལ་ཞིང༌། །མཐར་ཕྱིན་སངས་རྒྱས་ཡེ་ཤེས་ཐོབ་པར་ཤོག། །  ། ཅེས་པ་འདི་ནི་སྤྱན་སྔ་ཤེས་རབ་འབྱུང་གནས་ཀྱིས་མཛད་པའི་གཞུང་དེ་ཉིད་སོར་བཞག་ལ། །རང་གཞན་འཇུག་པ་བདེ་ཕྱིར་དུ་རྡོ་རྗེའི་གསུང་ཚིགས་བཅད་དུ་བསྡེབས་ཏེ། །ཆོས་ཀྱི་རྗེ་སྐྱོབ་པ་ཡབ་སྲས་ཀྱི་བསྟན་པ་ལ་དད་པའི་བློ་ཅན་དཀོན་མཆོག་རིན་ཆེན་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེས་ཁྱི་ལོ་ཧོར་ཟླ་དང་པོའི་ཉེར་གསུམ་ལ་ཁམས་ཀྱི་བེ་རི་ཐང་གི་སྒར་ཐོག་ཏུ་བྲིས་པ་དགེ  །།

 ༄།  །དགོངས་གཅིག་ལྷན་ཐབས།

   ན་མོ་གུ་རུ།  བྱང་ཆུབ་སྙིང་པོ་རྡུ་བྲལ་ཞིང་ཁམས་སུ། །རང་བྱུང་རྒྱལ་བ་ཡང་དག་རྫོགས་སངས་རྒྱས། །མཚུངས་མེད་ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །ཐུབ་དབང་འབྲི་གུང་རིན་ཆེན་ཕྱག་འཚལ་ལོ། །དམ་པ་མཆོག་དེའི་ཞལ་གྱི་པདྨ་ནས། །ལེགས་འོང་ཐུན་མོང་མ་ཡིན་རྡོ་རྗེའི་གསུང༌། །ལྷན་ཐབས་བཞི་བཅུའི་རྩ་བ་བདུད་རྩིའི་བཅུད། །འདོད་ལྡན་རྣམས་བདེ་ཡིད་དགའི་དཔལ་དུ་སྦྱིན། །ཕྱོགས་དུས་རྒྱལ་བ་ཀུན་གྱི་བསྟན་པ་གཅིག །ཐེག་དང་གྲུབ་མཐའ་ཐམས་ཅད་རྟེན་འབྲེལ་ཡིན། །ཆོས་ཕུང་བརྒྱད་ཁྲི་་ཉོན་མོངས་གཉེན་པོར་གསུངས། །རེ་རེ་ལ་ཡང་གསུང་རབ་བཅུ་གཉིས་ཚང༌། །དེ་བཞིན་སྡེ་སྣོད་གཅིག་ལའང་གསུམ་ཀ་འདུས། །འཁོར་འདས་ཐམས་ཅད་ཕུན་ཚོགས་ལྔ་ཡིས་བསྡུས། །ཐུན་མོང་ཐུན་མོང་མ་ཡིན་མངོན་པའི་སྡེ། །མུ་སྟེགས་བོན་གྱིས་བདེན་པ་མཐོང་སྐབས་མེད། །ཐར་པ་ཆ་མཐུན་འགའ་ཞིག་ཡོད་ཀྱང་རུང༌། །སྡོམ་དང་སྙིང་རྗེ་ཕྱི་རོལ་པ་ལའང་ཡོད། །མཚན་ཉིད་ཐེག་པས་ཚེ་གཅིག་གིས་འཚང་རྒྱ།  ། ཆོས་དང་ཉམས་ལེན་འགྲོས་ཀྱིས་སངས་རྒྱས་གཅིག །སྡོམ་གསུམ་གོང་ནས་གོང་དུ་དོག་ཏུ་འགྲོ། །མཐར་ཐུག་ས་ཚུན་ཚོགས་ལམ་ངོ་བོས་བགྲོད། །རྒྱུ་དང་ལྡན་ཕྱིར་ཉན་རང་སངས་རྒྱས་འགྱུར། །སྤྲོས་པ་བྲལ་ཕྱིར་འཁོར་བ་མཐའ་མེད་ བཞེད། །ཆོས་ཀུན་སོ་ཐར་སྡོམ་གསུམ་རེ་རེར་འདུ། །སྡེ་བ་ཀུན་གྱི་རྩ་བ་ལུང་སྡེ་བཞི། །རྨི་ལམ་དུ་ནི་ཉམས་ཀྱང་ཉེས་པ་འབྱུང༌། །དག་པའི་ས་ཐོབ་ངན་འགྲོར་སོང་བའང་ཡོད། །རྒྱུ་སྤྱད་གྱུར་ན་ས་བཅུ་ས་པ་ཡང་ལྟུང༌། །ཉམས་ལེན་རྨད་བྱུང་རྣལ་འབྱོར་ནང་གི་ཚོགས།  །ཏིང་འཛིན་མཐའ་དག་རྡོ་རྗེ་ལྟ་བུ་སྟེ། །སྡེ་སྣོད་གསུམ་མམ་དེ་ཡི་སྙིང་པོ་སྔགས། །རྟོགས་ཀྱང་བརྒྱུད་པ་ཟབ་ཕྱིར་ཆོ་ག་དགོས། །ལྷ་གཅིག་གིས་ཀྱང་ཕྲིན་ལས་ཐམས་ཅད་འགྲུབ། །ལྷ་ཀུན་མཚན་ནི་ལྷག་པའི་ལྷ་ཡིས་བཟུང༌། །དུས་བཞིར་རྩ་བའི་དམ་ཚིག་གནང་སྐབས་མེད། །ལྷ་ལ་ཅིག་ཅར་འཇུག་པ་ཟབ་མོའི་གནད། །རྟེན་འབྲེལ་འཚོགས་ལས་གྲུབ་པར་ཤེས་པ་དགོས། །ཐ་མལ་ལུས་སུ་བཏགས་ཕྱིར་དཀའ་ཐུབ་སྨད། །དྲང་ངེས་མེད་པར་ཆོ་ག་རྒྱས་པར་དགོས། །དེ་ཡིས་འདུལ་ན་བསྡུས་པ་ཡང་ནི་བཞེད། །བསྲུང་བའི་འཁོར་ལོ་རྨད་བྱུང་བྱང་ཆུབ་སེམས། །རྩ་རླུང་གདམས་པ་འདུལ་བ་ལྷག་པར་དགོས།  ། བྱིན་མཐུས་ཀུན་གཞི་དུས་གཞན་དུ་ཡང་མཐོང༌། །རྩ་རླུང་ཐིག་ལེ་སྙིགས་མ་དུག་བཅས་ཟབ། །རྡོ་རྗེ་ཐེག་པའི་ལམ་རིམ་བསླབ་པ་གསུམ། །ཕར་ཕྱིན་དྲུག་ནི་ཐེག་པ་གསུམ་གའི་ལམ། །དཔོན་སློབ་ཕན་ཚུན་དམ་ཚིག་མཉམ་པར་གཅིག །དགེ་བའི་ངོ་བོས་ཕྱག་ཆེན་སྒྲིབ་མི་སྲིད། །བྲལ་བའི་བྲས་བུ་ཐམས་ཅད་རྒྱུ་དང་བཅས། །ནམ་མཁའ་གཉིས་འདྲེས་ཉན་ཐོས་ཀྱི་མངོན་རྟོགས།  །རླུང་མི་འཛིན་པ་ལྷུགས་པར་འཇོག་པར་ཟབ། །རྣམ་ཤེས་བླ་མ་འོད་གསལ་འཕོ་བའི་མཆོག །བྱང་ཆུབ་སེམས་ཀྱི་རང་གཟུགས་སངས་རྒྱས་ཡིན།  །དེ་ལྟར་གང་གི་དགོས་པ་ཀུན་གསལ་མཐའ། །དབང་ཐོབ་རྣམས་ཀྱིས་དཔག་པ་སླ་མིན་ཡང༌། །འདབ་ལྡན་མཁའ་ལྡིང་དབང་པོ་སྤྱན་སྔ་བའི། །མཁྱེན་སྤྱོད་གཤོག་ཡངས་རླབས་ཀྱིས་བགྲོད་པ་གང༌། །སྔོན་བྱོན་རྣམས་ཀྱིས་གསལ་བར་བྱས་མོད་ཀྱང༌། །བློ་དམན་རྣམས་ལ་ཕན་ཕྱིར་ལྷན་ཐབས་རྣམས། །ཚིགས་སུ་བཅད་པ་ཡིད་བཞིན་ནོར་བུའི་ཕྲེང༌། །དཔྱོད་ལྡན་དགའ་བའི་དོ་ཤལ་འདི་བསྟར་བས། །ལེགས་བྱས་དགེ་བ་སྟོང་ཕྲག་འབར་བའི་གཟིས།  །སྐྱེ་འགྲོའི་སྒྲིབ་མུན་ཅིག་ཅར་དྲུང་ཕྱུང་ནས། །ལུང་དང་རྟོགས་པའི་ཚོགས་གཉིས་པད་མོའི་ཚལ། །རྒྱས་པའི་བཅུད་ལ་རོལ་པའི་དཔལ་ཐོབ་ཤོག །  །ཅེས་པ་རྗེ་བླ་མ་དྷརྨ་སཱུརྻས་བརྩམས་པའོ།  །