࿑ མཆོད་པའི་ལྷ་མོ་བཅུ་དྲུག་གི་མཚོན་དོན།

   ࿑   གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་ཉམས་སུ་བླངས་ནས་གནས་སྐབས་རིག་འཛིན་བཞི་དང། མཐར་ཐུག་ངེས་དོན་སྒྱུ་འཕྲུལ་དྲ་བའི་ཡོན་ཏན་རྣམས་མངོན་དུ་གྱུར་ཚེ། ཡུལ་དབང་རྣམ་ཤེས་གནས་སུ་དག་པ་ལས་དགྱེས་རྒུའི་ལོངས་སྤྱོད་རྒྱ་མཚོར་དབང་བསྒྱུར་ཞིང་མཆོད་པའི་ལྷ་མོ་རྣམས་དང་འདུ་འབྲལ་མེད་པར་བཞུགས་པའི་སྐལ་བ་མཆོག་ལྡན་དུ་འགྱུར་བ་ཡིན་ཏེ། དེ་ཡང་རྡོ་རྗེ་སྒེག་པ་མ་དཀར་མོ་མེ་ལོང་འཛིན་པ། རྡོ་རྗེ་ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པ། རྡོ་རྗེ་གླུ་མ་དམར་མོ་པི་ཝང་འཛིན་པ། རྡོ་རྗེ་གར་མ་ལྗང་ཁུ་རྔ་ཡབ་འཛིན་པ་སྟེ་ཕྱི་སྒེག་བཞི་དང། རྡོ་རྗེ་བདུག་སྤོས་མ་དཀར་སེར་སྤོས་ཕོར་འཛིན་པ། རྡོ་རྗེ་མེ་ཏོག་མ་དམར་སེར་མེ་ཏོག་གི་ཕྲེང་བ་འཛིན་པ། རྡོ་རྗེ་མར་མེ་མ་དམར་ལྗང་མར་མེ་འཛིན་པ། རྗོ་རྗེ་དྲི་ཆབ་མ་དཀར་ལྗང་དྲིའི་དུང་ཕོར་བསྣམས་པ་སྟེ་ནང་སྒེག་བཞི་དང། རྡོ་རྗེ་མེ་ལོང་མ་དཀར་གསལ་མེ་ལོང་འཛིན་པ། རྡོ་རྗེ་རྔ་ཟླུམ་མ་སེར་གསལ་རྔ་ཆུང་འཛིན་པ། རྡོ་རྗེ་པི་ཝཾ་མ་དམར་གསལ་པི་ཝཾ་འཛིན་པ། རྡོ་རྗེ་གླིང་བུ་ལྗང་གསལ་གླིང་བུ་འཛིན་པ། རྡོ་རྗེ་རྫ་རྔ་མ་སྔོ་གསལ་ཏམ་བུ་ར་འཛིན་པ་སྟེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གསང་བའི་རིག་མ་ལྔ་དང། རྡོ་རྗེ་རེག་བྱ་མ་དཀར་གསལ་དར་དཔྱང་འཛིན་པ། རྡོ་རྗེ་རོ་མ་དམར་གསལ་ལྷ་བཤོས་བསྣམས་པ། ཆོས་ཀྱི་རྡོ་རྗེ་མ་སྔོ་གསལ་བདེ་སྟོང་གི་ཕྱག་རྒྱ་འཆང་བ་སྟེ་ཐུན་མོང་འདོད་ཡོན་གྱི་ལྷ་མོ་གསུམ་དང་བཅུ་དྲུག་སྟེ། ཐམས་ཅད་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་དང་དར་དང་རིན་པོ་ཆེ་སོགས་ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་སྤྲས་པ་མཛེས་ཤིང་ལྟ་ན་སྡུག་པའི་རྣམ་འགྱུར་དང་ལྡན་པ་ཤ་སྟག་གོ།

 

 

པདྨ་རྒྱས་པ་ལྟ་བུའི་ལང་ཚོ་ཅན།།

རེག་ན་བདེ་བའི་མཆོག་སྟེར་ཨུཏྤལ་མིག །

གཟུགས་ཀྱི་རྣམ་འགྱུར་ངོམ་པའི་ཡིད་འཕྲོག་མ།།

རྡོ་རྗེ་སྒེག་མོ་མ་ཡིས་མཉེས་གྱུར་ཅིག །

 

 

སྲིད་ན་རྣམ་པར་མཛེས་པའི་ཟླ་བས་ཀྱང་།།

བལྟ་ན་སྡུག་པའི་གཟུགས་ཀྱི་ཆར་མི་ཉེ།།

ནོར་བུའི་དོ་ཤལ་འཛིན་པའི་ཡིད་འོང་མ།།

རྡོ་རྗེ་ཕྲེང་བ་མ་ཡིས་མཉེས་གྱུར་ཅིག །

 

 

འཇམ་མཉེན་པུཎྜ་རི་ཀའི་ལང་ཚོ་ལ།

རེག་འཇམ་དབང་པོའ་ིགཞུ་ཡི་འཁྲི་ཤིང་ཅན།།

སྐད་སྙན་འགྱུར་ཁུགས་སྟོང་གི་གླུ་ལེན་མ།།

རྡོ་རྗེ་གླུ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །

 

 

བུང་བ་པདྨའི་ཚལ་ན་གཡོ་བ་བཞིན།།

ཕྱག་ཞབས་གསེར་གཡུའི་གདུ་བུས་མཛེས་པའི་གར།།

མིག་འཕྲུལ་ལྟ་བུར་བསྒྱུར་བའི་གཡོ་ལྡན་མ།།

རྡོ་རྗེ་གར་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །

 

 

བཅུ་དྲུག་ལང་ཚོས་མྱོས་པའི་རྣམ་འགྱུར་དེས།།

སྙིང་ལ་དགའ་བའི་ཡ་མཚན་ཅིར་ཡང་སྟེར།།

དྲི་ཞིམ་སྤོས་ཕོར་ཐོགས་པའི་སྨིན་ལེགས་མ།།

རྡོ་རྗེ་བདུག་སྤོས་མ་ཡིས་མཉེས་གྱུར་ཅིག །

 

 

ཚངས་དབང་འཆི་མེད་བུ་མོའ་ིའཇོ་སྒེག་ཀྱང།།

ཤིན་ཏུ་མཛེས་པའི་ལང་ཚོས་བརྟན་པ་འཕྲོག །

ཨུ་དུམ་ཝ་རའི་ཆུན་འཕྱང་ཡིད་འཕྲོག་མ།།

རྡོ་རྗེ་མེ་ཏོག་མ་ཡིས་མཉེས་གྱུར་ཅིག །

 

ཡིད་འོང་བལྟ་ན་སྡུག་པའི་མཁུར་ཚོས་ལ།།

ལི་ཁྲིས་ཐིག་ལེ་བསྐུས་པའི་རི་དྭགས་མིག །

ཉི་ཟླའི་སྒྲོན་མེ་ཐོགས་པའི་བཞིན་བཟང་མ།།

རྡོ་རྗེ་སྣང་གསལ་མ་ཡིས་མཉེས་གྱུར་ཅིག །

 

འཆི་མེད་བུ་མོའ་ིདཔལ་འཛིན་སྨིན་ལེཌ་གཟུགས།།

ཞལ་ནས་ཨུཏྤལ་ལ་ཡི་དྲི་འཐུལ་ཞིང།།

བཟང་དྲུག་སྨན་གྱིས་བྱུག་པས་དགྱེས་པ་སྐོང།།

རྡོ་རྗེ་དྲི་ཆབ་མ་ཡིས་མཉེས་གྱུར་ཅིག །

 

ལང་ཚོའི་ཆ་ཤས་རྫོགས་པའི་པདྨ་དང།།

རྣམ་འགྱུར་ཅིར་ཡང་འཆར་བའི་ཨ་དར་ཤ །

ཕན་ཚུན་འགྲན་པ་ལྟ་བུའི་གཟུགས་མཛེས་པ།།

རྡོ་རྗེ་མེ་ལོང་མ་ཡིས་མཉེས་གྱུར་ཅིག །

 

ཏིང་འཛིན་རི་མོ་མཁན་གྱིས་བྲིས་པའི་གཟུགས།།

བཞིན་བཟང་མནྡ་ར་བའི་ཐོད་བཅིངས་ཅན།།

ཟླུམ་པོའ་ིརྔ་ལས་བདེ་སྟོང་སྒྲ་འབྱིན་མ།།

རྡོ་རྗེ་རྔ་ཟླུམ་མ་ཡིས་མཉེས་གྱུར་ཅིག །

 

རཏྣའི་སོར་གདུབ་འཁྲོལ་བའི་ཁུ་ཚུར་གྱིས།།

དྲི་ཟའི་བུ་མོར་འགྲན་པའི་ཏཾ་བུ་ར།།

རྣ་བའི་དཔྱིད་དུ་སྦྲེངས་པའི་ཡིད་འཕྲོག་མ།།

རྡོ་རྗེ་པི་ཝཾ་མ་ཡིས་མཉེས་གྱུར་ཅིག །

 

དགའ་བ་བཅུ་དྲུག་རླུང་གི་རྟར་བསྐྱོན་ནས།།

ཐིག་ལེ་བཅུ་དྲུག་གནས་སུ་དག་པ་ལས།།

སྟོང་ཉིད་བཅུ་དྲུག་གླིང་བུའི་སྒྲར་སྟོན་པའི།།

རྡོ་རྗེ་གླིང་བུ་མ་ཡིས་མཉེས་གྱུར་ཅིག །

 

ཟླ་གཞོན་པད་དཀར་ལྟ་བུའི་ལང་ཚོའི་དཔལ།།

མིག་གི་བདུད་རྩིར་སྦྱིན་དང་ཆབས་གཅིག་པར།།

སྙན་འགྱུར་རྫ་རྔའི་སྒྲ་སྒྲོགས་ན་ཆུང་མ།།

རྡོ་རྗེ་རྫ་རྔ་མ་ཡིས་མཉེས་གྱུར་ཅིག །

 

 

སྟོང་ཉིད་ནམ་མཁའི་རྒྱན་གྱུར་ལྷ་ཡི་གོས།།

རིན་ཐང་བརྗོད་དུ་མེད་པའི་པཉྩ་ལི།།

འཕྲུལ་ལྡན་སོར་རྩེས་སྤྲོད་པའི་མཛའ་ན་མོ།།

རྡོ་རྗེ་རེག་བྱ་མ་ཡིས་མཉེས་གྱུར་ཅིག །

 

 

ཆགས་མེད་ཆགས་པ་ཆེན་པོའ་ིཟུར་མིག་གིས།།

དཔའ་བོའ་ིཡིད་ལ་མྱོས་པའི་ཆོམ་རྐུན་འཇུག །

ལག་ན་རོ་བརྒྱའི་དཔལ་འཛིན་ཞལ་ཟས་ཐོགས།།

རྡོ་རྗེ་རོ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །

 

 

བདེ་བས་བདེ་བའི་མཐར་སོན་སྟོང་པ་ཉིད།།

བདེ་ཆེན་ཆོས་གྱི་འབྱུང་གནས་མངལ་ཁུར་ཅན།།

བདེ་སྟོང་ངང་ལས་རྒྱལ་ཀུན་བསྐྱེད་པའི་ཡུམ།།

ཆོས་ཀྱི་རྡོ་རྗེ་མ་ཡིས་མཉེས་གྱུར་ཅིག །

 

གསལ་བཤད། ཚིགས་བཅད་འདི་དག་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་གསུང་བྱིན་རླབས་ཅན་ཡིན་པ་མ་ཟད། སྙན་འཇེབས་ཀྱི་

གྲགས་པའང་ཡོངས་སུ་ཁྱབ་པའི་རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་དྲི་ཟའི་རྒྱུད་མངས་ལས་ཁོལ་དུ་ཕྱུངས་ཤིང། རྒྱ་གར་ལྷོ་ཕྱོགས་ཐེག་མཆོག་

རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟངས་མདོག་དཔལ་རིའི་ཕོ་བྲང་གི་ཡང་ཐོག་ཏུ་ཡོད་པའི་མཆོད་པའི་ལྷ་མོ་བཅུ་དྲུག་གི་སྐུ་བརྙན་དག་གི་

འདྲ་པར་བཅས་སྦྲགས་ནས་བཀོད་པ་ཡིན།།