࿑ ཐང་གའི་བྱུང་རིམ་དང་དོགས་སེལ།

ཐང་གའི་འབྱུང་རིམ་དང་དོགས་སེལ།

གངས་ལྗོངས་ཀྱི་ས་གནས་གང་སར་མཐོང་ཐུབ་པའི་ཐང་གའི་རིགས་ཕུན་སུམ་ཚོགས་ཤིང་རིན་ཐང་ཡང་མཐོ་པོ་ཡིན་སྟབས་མི་མང་པོས་དེའི་ཐད་ལ་ལོག་འགྲེལ་ཡང་མང་པོ་བྱེད་ཀྱི་འདུག་པ་སྟེ་ཐང་རྒྱལ་རབས་ཀྱི་ཐང་དང་འབྲེལ་བ་ཡོད་པར་བཤད་དེ་བོད་སྐད་ལ་ཐང་ཞེས་པར་འགྲེལ་བཤད་རྒྱག་རྒྱུ་མེད་པའམ་དོན་བསྟན་རྒྱུ་མེད་པ་ལྟ་བུར་ངོས་འཛིན་བྱེད་བཞིན་འདུག་པ་ནི་ཤིན་ཏུ་ནོར་ཏེ།  སློབ་དཔོན་པད་མ་འབྱུང་གནས་ཀྱི་སྐབས་སུ་བྲིས་པའི་ཐང་ཡིག་སྟེ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཞུས་ནས་སློབ་དཔོན་གྱིས་གསུངས་པ་རྒྱལ་པོ་བཀའ་ཐང་། བློན་པོ་རྣམས་ཀྱིས་ཞུས་ནས་སློབ་དཔོན་གྱིས་གསུངས་པའི་བློན་པོ་བཀའ་ཐང་། སློབ་དཔོན་གྱིས་ལྷ་འདྲེ་རྣམས་དམ་ལ་བཏགས་ནས་གསུངས་པ་ལྷ་འདྲེ་བཀའ་ཐང་། དེ་བཞིན་ལོ་པན་བཀའ་ཐང་དང་བཙུན་མོ་བཀའ་ཐང་སོགས་ནི་སློབ་དཔོན་གྱིས་གསུངས་པ་ཇི་བཞིན་ཟིན་བྲིས་སུ་བཏབ་པས་བཀའ་ཐང་དང་། ཉིན་རེའི་ལས་ཀ་དང་འགྲོ་སོང་སོགས་ཐོ་ཡིག་ཏུ་བཀོད་པ་ལ་ཉིན་ཐང་། ཟླ་རེའི་ལས་ཀ་སོགས་ཕྱོགས་གཅིག་ཏུ་བཀོད་པ་ལ་ཟླ་ཐང་། ལོ་གཅིག་གི་གཏོང་ལེན་ཡོང་འབབ་སོགས་བཀོད་པ་ལ་ལོ་ཐང་ཟེར་བ་དང་དེར་གཞིར་བཞག་པའི་ཐོག་ནས་ཁྲལ་སོགས་སྡུ་བའམ་ལོ་གཅིག་གི་ཁྲལ་སྡུ་བ་ལ་ལོ་ཐང་བླ་སྐྱེས་ཟེར་བ་ཡིན། སྐབས་དེ་དུས་ཉིན་ཐང་འབྲི་སྐབས་ཡི་གེས་དཔེ་མཚོན་མི་ཐུབ་པའི་རིགས་རྣམས་རི་མོས་གསལ་བཤད་བྱེད་སྲོལ་ཡོད་པ་ཏེ། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཡིག་རྙིང་རྣམས་སུ་ཡི་གེ་དང་རི་མོ་གཉིས་ཟུང་འབྲེལ་གྱི་ཐོག་ནས་རྗེ་བཙུན་གྱི་རྣམ་ཐར་མཚོན་ཐབས་བྱེད་པ་སོགས་ནི་ཐང་ག་འཕེལ་རིམ་གྱི་དཔེ་མཚོན་ཞིག་ཡིན། མདོར་ན་སངས་རྒྱས་སམ་བླ་མ་སྐྱེས་ཆེན་དམ་པའི་རྣམ་ཐར་ཐང་དེབ་དུ་གསལ་བ་རྣམས་མི་རབས་རྗེས་མའི་མིག་དཔེར་འོང་ཆེད་དུ་རི་མོའི་ལམ་དུ་ཕབ་པས་ན་ཐང་ག་ཞེས་པ་བྱུང་བ་ཡིན། །འོན་ཀྱང་ཐང་ཀ། ཐང་ཁ། ཐང་ག་སོགས་འབྲི་ཚུལ་མང་ཡང་རྟགས་འཇུག་གི་འགྲོ་ཚུལ་ལྟར་ན་ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་དྲང་ཞེས་པ་ལྟར་ཐང་་ཞེས་འབྲི་དགོས་པ་དང་སྐབས་བབས་ཀྱི་དོན་གྱི་འགྱུར་བ་སོགས་ཡོད་ན་བརྗོད་བདེའི་དབང་གིས་འབྲི་དགོས་པ་ཡིན་ནོ།།

གསལ་འགྲེལ།

ཐང་དེབ་ནི་ཐོ་དེབ། ཉིན་ཐང་ནི་ཉིན་ཐོ། ཐང་ཡིག་ནི་ཐོ་ཡིག་གི་ནང་དོན་ལྟར་གནས་ཚུལ་སོགས་དོན་དངོས་མཚོན་བྱེད་དུ་ཐང་ངམ་ཐོ་ཞེས་བརྗོད་པ་ཡིན།

འབྱུང་ཁུང་གནའ་དེང་རིག་གནས་མེ་ལོང་ཞེས་པའི་དྲྭ་ལམ། རྩོམ་སྒྲིག་པ་གྲིབ་ནག་གིས།