࿑ སྡོམ་བརྩོན་དམ་པའི་རི་མོའི་འགྲེལ་བཤད།།

 

༄༅།།    ཕྱག་མཚན་རི་མོའི་སྡོམ་བརྩོན་དམ་པར་གྲགས་པའི་མཁན་སློབ་ཆོས་གསུམ་སོགས་མཚོན་བྱེད་ཀྱི་རི་མོ་མཚོ་མེ་ལོང་འདྲ་བའི་དབུས་ཀྱི་པདྨའི་སྡོང་པོའི་སྟེང་དུ་རལ་གྲིས་མ་ཚན་པའི་གཡས་སུ་ངང་པ་སེར་པོ་མགྲིན་པ་གཉིས་ཅན།   པདྨའི་འདབ་མ་ཤིན་ཏུ་ཡངས་པ་ལ་ལོ་འདབ་དང་སྨིན་པའི་པདྨའི་ཟེའུ་འབྲུ་སོགས་ཀྱིས་མཛེས་པར་བརྒྱན་པ་ཞིག་འབྲི་སྲོལ་ཡོད་པ་དེ་ནི།  སྔོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དེ་ཉིད་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ཤིག་ཏུ།  ཁོང་གིས་སྔོན་བྱོན་དམ་པ་རྣམས་ཀྱི་སྐུ་དྲིན་དང་རྣམ་ཐར་རྗེས་སུ་དྲན་ནས།  དེ་དག་གི་མཚོན་བྱེད་རི་མོ་དང༌།  བསྟོད་པ་སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ་སོགས་ཕྱག་མཚན་རི་མོར་བསྟོད་པའི་ཚིགས་སུ་བཅད་པ་དང་བཅས་མཛད་པ་ཡིན་ལ།  དབུས་ཀྱི་པདྨའི་སྡོང་པོས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མཚན་དང༌།  ཁོང་གི་སྐུའི་ཆེ་བ་བརྒྱད་ལས་ཕ་མའི་རྒྱུ་རྐྱེན་མ་བསྐྱེད་སྐུ་བལྟམས་ཚེ་ཞེས་པ་ལྟར་པདྨའི་སྦུབས་སུ་འཁྲུངས་པས་མཚན་ཆོས་གཉིས་ཀ་མཚུངས་པས་དེ་མཚོན་པ་དང༌།  པདྨའི་ལྟེ་བའི་རལ་གྲི་ཡིས།  མ་རིག་པའི་མུན་པ་ཐམས་ཅད་རྩད་ནས་གཅོད་བྱེད་ཀྱི་རལ་གྲི་འཛིན་པ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་མཚོན་ཏེ་སྤྲུལ་གཞིའི་མཚན་མ་ཉིད་ཡིན།ཁོང་གཉིས་ཡོན་མཆོད་ཀྱི་རྣམ་པ་ཐ་དད་ཀྱང་ཡེ་ཤེས་གཅིག་པའི་ཕྱིར་རྟེན་དང་བརྟེན་པའི་ཚུལ་དུ་བཀོད་པ་དང༌།  ཡང་ན་སློབ་དཔོན་ཆེན་པོའི་ཐུགས་ལས་འཁྲུངས་པའི་ཐུགས་སྲས་རྗེ་འབངས་ཉེར་ལྔའི་གཙོ་བོའམ་མངའ་བདག་ཁྲི་སྲོང་ལྡེ་བཙན་ཡིན་ཕྱིར་པདྨའི་ཟེའུ་འབྲུ་ལས་ཐོན་པའི་ཚུལ་དུ་བཀོད་པར་གསུངས་པ་དང༌།  པད་སྡོང་གཡས་ཀྱི་ངང་པ་སེར་པོ་མགྲིན་པ་གཉིས་དང་ལྡན་པ་དེས་མཁན་ཆེན་ཞི་བ་འཚོ་དང་ཀ་མ་ལ་ཤི་ལ་སྟེ་པདྨའི་ངང་ཚུལ་གཉིས་མཚོན་ཏེ།   ཐུགས་ཀྱི་ལྟ་གྲུབ་དགོངས་པ་གཅིག་པས་ལུས་གཅིག་ལ།  གསུང་གི་ཆོས་སོ་སོར་སྟོན་པས་མགྲིན་པ་གཉིས་ཅན་དང༌།  མཁན་པོ་གཉིས་ཀ་ངུར་སྨྲིག་རྒྱལ་མཚན་འཛིན་པའི་གཙུག་རྒྱན་དུ་བཞུགས་པས་ངང་སེར་གྱི་གཟུགས་སུ་བཀོད་པའོ།།   གཡོན་གྱི་ནེ་ཙོ་མགྲིན་པ་གཉིས་ཅན་གྱིས་སྤྲུལ་པའི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༌།  ཅོག་རོ་ཀླུའི་རྒྱལ་མཚན་གཉིས་མཚོན་ཏེ།  ཐུགས་དགོངས་གཅིག་ལ་ཆོས་སོ་སོར་སྟོན་པས་ལུས་གཅིག་ལ་མགྲིན་པ་གཉིས་ཅན།  ནེ་ཙོས་བྱ་སྐད་དང་མི་སྐད་གཉིས་སྨྲ་བ་ཇི་བཞིན་ལོ་ཙཱ་བས་ཀྱང་རྒྱ་བོད་ཀྱི་སྐད་གཉིས་སྨྲ་བས་ནེ་ཙོའི་གཟུགས་སུ་བཀོད་པའོ།།  དེ་ཐམས་ཅད་མཚོའི་དབུས་སུ་གནས་པ་ནི།  གངས་ཅན་བོད་ཀྱི་ཡུལ་གྲུ་འདིར་སྤྲུལ་པའི་རྒྱལ་པོ་དང་ལོ་པཎ་འདི་རྣམས་ཀྱི་འཕྲིན་ལས་ཀྱང་གུ་རུ་མཚོ་སྐྱེས་རྡོ་རྗེའི་ཐུགས་རྗེ་དང་མཐུ་བྱིན་ལ་བརྟེན་ནས་འགྲུབ་པ་ཡིན་ལ།འདི་དག་གིས་སྤེལ་བའི་ཆོས་ཟབ་མོ་དང་མཚན་སྙན་ཐམས་ཅད་དྲི་མེད་ཆུའི་པད་མོ་ཇི་བཞིན་སྐྱོན་གྱིས་མ་གོས་ཤིང་ཟབ་ཅིང་རྒྱ་ཆེ་བ་ཆུ་བོའི་གཏེར་ཆེན་པོ་དང་ཀུན་ནས་མཚུངས་པ་དང་བསམ་ཡས་ཀྱི་གཙུག་ལག་ཁང་ལ་ནམ་ཞིག་དུས་ཀྱི་དབང་གིས་མེའི་གནོད་པ་འབྱུང་བ་ལུང་བསྟན་པ་ཞི་བ་བཅས་ཀྱི་རྟེན་འབྲེལ་དུ་མཛད་པ་ཡིན་ནོ།།

     ས་པཎ་རང་ཉིད་ཀྱིས་རི་མོ་འདི་དང་མཉམ་དུ་མཛད་པའི་ཕྱག་མཚན་རི་མོའི་བསྟོད་ཚིག་ནི། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ  །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན།།བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བློ་གྲོས་གསལ་ལྡན་པ།།དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། །མི་ཡི་དབང་པོ་ཆོས་བཞིན་ས་སྐྱོང་པ། །རྣམ་དཔྱོད་བློ་ཅན་དེས་པས་འགྲོ་བ་འདུལ།།དཔའ་མཛངས་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །སྐྱེ་དགུ་འདི་དག་བུ་བཞིན་ལེགས་པར་བསྐྱངས།།བདག་ཀྱང་སྔོན་སྦྱངས་ལས་ཀྱིས་འཕེན་པ་ཡིས། །སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་སྐྱེས།།འོན་ཀྱང་ཚེ་རབས་སྔོན་མའི་བསོད་ནམས་མཐུས། །ཤེས་བྱ་ཕལ་ཆེར་འབད་པ་ཆུང་ངུས་ཤེས། །རྩོད་དུས་འདི་ནི་མཁས་པར་ཁས་འཆེ་ཞིང༌།།ལན་བརྒྱར་འཆད་དང་ཉན་ལ་མངོན་བརྩོན་པ། །དེ་དག་གིས་ཀྱང་ཤེས་བྱའི་གནས་རྣམས་ལ། །རྣམ་པར་དཔྱད་ན་ཕྱོགས་རེའི་མིག་ཅན་ཡིན།།འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་གྱི་རི་མོ་འདི་གཙུག་ལག་ཁང་ལ་ཕན་པའི་རྟེན་འབྲེལ་ཞིག་ཡོར་པས།  དཔལ་ལྡན་ས་སྐྱ་པཎྜི་ཏས་བྲིས་པ་ཡིན།  ཅུང་ཟད་རི་མོ་མི་མཛེས་ཀྱང༌།  མཚན་མོར་བྲིས་པ་དང༌།  པིར་ལ་སོགས་མ་འཛོམས་པས་ལན།  འོན་ཀྱང་བཀྲ་ཤིས་པའི་རྟེན་འབྲེལ་ཞིག་ཡོད།  ཅེས་པའི་ཡི་གེ་འདི་དང་ཕྱག་མཚན་གྱི་རི་མོ་འདི་བསམ་ཡས་ཀྱི་འཁོར་ས་བར་པའི་གཡས་ཕྱོགས་ན་བཞུགས་པ་ལགས།  བཀྲ་ཤིས་པར་གྱུར་ཅིག་ཅེས་ས་པཎ་གསུང་འབུམ་ལས་གསལ་བས།  རི་མོ་འདིའི་བྱུང་ཚུལ་དང་དགོས་པ་མཚོན་བྱ་ཐམས་ཅད་ཤེས་སླའོ།།