࿑ བདེ་གཤེགས་མཆོད་རྟེན་བརྒྱད།

 

བདེ་གཤེགས་མཆོད་རྟེན་བརྒྱད།

རྩོམ་པ་པོ། དཀོན་མཆོག་བསྟན་འཛིན་དང་འཕྲིན་ལས་རྒྱལ་མཚན་སོགས།

 

༄༅། །     ཡོངས་གྲགས་ལ་བདེ་བར་གཤེགས་པའི་མཆོད་རྟེན་རྣམ་པ་བརྒྱད་དེ། བྱང་ཆུབ་མཆོད་རྟེན་དང་། པད་སྤུངས་མཆོད་རྟེན། སྒོ་མང་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན། ལྷ་བབས་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། མྱང་འདས་མཆོད་རྟེན་བཅས་ནི་སངས་རྒྱས་ཀྱི་མཛད་ཆེན་བརྒྱད་ཀྱི་དུས་སུ་བཞེངས་པ་སྟེ། གཤམ་ནས་རེ་རེ་བཞིན་ངོ་སྤྲོད་ཀྱི་ཚུལ་དུ་གླེང་ན།

 

༡ མྱང་འདས་མཆོད་རྟེན།

   དེ་ནི་སྟོན་ཁ་མ་གྷ་དྷ་རུ་བྱང་ཆུབ་སྙིང་བོར་གཤེགས་ནས་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་ཤུན་ཙ་ཏས་བཞེངས་པའི་མཆོད་རྟེན་ལ་བྱང་ཆུང་མཆོད་རྟེན་ཟེར།

 

༢ པད་སྤུངས་མཆོད་རྟེན།

   དེ་ནི་སྟོན་པ་སེར་སྐྱར་སྐུ་བལྟམས་མ་ཐག་ཕྱོགས་བཞིར་གོམ་པ་བདུན་རེ་སྤོས་པ་ན་མེ་ཏོག་པད་མ་བདུན་རེ་སྐྱེས་པ་དེའི་རྗེས་དྲན་གྱི་ཆེད་དུ་ཡབ་ཟས་གཙང་གིས་བཞེངས་པའི་མཆོག་རྟེན་ལ་པས་སྤུངས་མཆོད་རྟེན་ཟེར།

 

༣ སྒོ་མང་མཆོད་རྟེན།

   དེ་ནི་སྟོན་པས་ཡུལ་ཝཱ་རཱ་ཎ་སཱིར་ཆོས་འཁོར་རིམ་པ་གསུམ་བསྐོར་བའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་ཚངས་བྱིན་གྱིས་བཞེངས་པ་སྒོ་མང་མཆོད་རྟེན་ནམ་ཆོས་འཁོར་མཆོད་རྟེན་ཟེར།

 

༤ ཆོ་འཕྲུལ་མཆོད་རྟེན།

   དེ་ནི་སྟོན་པས་མཉན་ཡོད་དུ་རྫུ་འཕྲུལ་ནས་མུ་སྟེགས་སྟོན་པ་དྲུག་ཕམ་པར་བྱས་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་གསལ་རྒྱལ་གྱིས་བཞེངས་པའི་མཆོད་རྟེན་ལ་ཆོ་འཕྲུལ་མཆོད་རྟེན་ཟེར།

 

༥ ལྷ་བབས་མཆོད་རྟེན།

   དེ་ནི་སྟོན་པ་ལྷའི་གནས་སུ་གཤེགས་ཏེ་ཡུམ་སྒྱུ་འཕྲུལ་མ་ལ་སོགས་པའི་ལྷ་རྣམས་ལ་ཆོས་སྟོན་པའི་ཚེ། མི་ཡུལ་གཡི་འཁོར་རྣམ་པ་བཞི་གདུངས་ཏེ་མོ་གལ་གྱི་བུ་གདན་འདྲེན་དུ་འོངས་ནས་སྟོན་པ་གསལ་ལྡན་དུ་ལྷ་ལས་བབས་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་ཨིན་དྲ་ཝ་རྨིས་བཞེངས་པའ་མཆོད་རྟེན་ལ་ལྷ་བབས་མཆོད་རྟེན་ཟེར།

 

༦ དབྱེན་ཟླུམ་མཆོད་རྟེན།

   དེ་ནི་སྟོན་པས་འོད་མའི་ཚལ་དུ་ལྷས་བྱིན་གྱིས་རང་ལ་འཁོར་གྱི་གནང་བར་ཞུས་པ་ལ་སངས་རྒྱས་མ་འཐད་པས། ཁོ་ཁྲོས་ཏེ་རང་གིས་འཁོར་བསྡུས་ཞིང་རང་ཉིད་སྟོན་པ་ལྟར་བཞུགས་པ་ལ། དགེ་འདུན་བྱེ་བ་བརླག་པར་བརྩམས་པ་ན། སངས་རྒྱས་ཀྱིས་ཐབས་མཁས་ཀྱིས་དབྱེན་ཟླུམ་པར་མཛད་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་གྱད་བུ་བཞིས་བཞེངས་པའི་མཆོད་རྟེན་ལ་དབྱེན་ཟླུམ་མཆོད་རྟེན་ཟེར།

 

༧ རྣམ་རྒྱལ་མཆོད་རྟེན།

   དེ་ནི་སྟོན་པ་ཡངས་པ་ཅན་དུ་བདུད་ལས་རྣམ་པར་རྒྱལ་ནས་སྐུ་ཚེ་བྱིན་གྱིས་བརླབས་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་ལི་ཙ་བྱི་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་ལ་རྣམ་རྒྱལ་མཆོད་རྟེན་ཟེར།

 

༨ མྱ་འདས་མཆོད་རྟེན།

   དེ་ནི་སྟོན་པ་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པའི་ཚེ་ན། དེའི་རྗེས་དྲན་གྱི་ཆེད་དུ་རྒྱལ་པོ་མ་སྐྱེས་དགྲས་བཞེངས་པའི་མཆོད་རྟེན་ལ་མྱང་འདས་མཆོད་རྟེན་ཟེར།

དེ་ལྟར་བདེ་གཤེགས་མཆོད་རྟེན་བརྒྱད་དང་། འཕགས་པ་དགེ་འདུན་འཕེལ་གྱིས་གསུངས་པ་ལྟར་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་དང་། མྱ་ངན་ལས་འདས་རྗེས་རིང་བསྲེས་གྱི་མཆོད་རྟེན་བརྒྱད་དེ་དང་པོ་ནི། རྒྱལ་པོའི་ཁབ་ཏུ་བདུད་བཏུལ་བའི་ཚེ་བཞེངས་པའི་བདུད་འདུལ་མཆོད་རྟེན་དང་དབྱེན་ཟླུམ་མཆོད་རྟེན་གཉིས་མི་འདྲ་མ་གཏོགས་གོང་ལྟར་ལ། ཕྱི་མ་ནི་མ་ཀ་ཡུལ་དུ་རིང་བསྲིལ་མཆོད་རྟེན་གཅིག་དང་། དེ་བཞིན་ས་ལའི་ཡུལ་དང། རྩྭ་མཆོག་གྱད་ཀྱི་ཡུལ། ཡངས་པ་ཅན། ཙན་ཙ་ཀ་ལྔ་དང་། བི་ཥྣ་དྲི་བ། སེར་སྐྱ། རྒྱལ་པོའི་ཁབ་བཅས་ཡུལ་བརྒྱད་དུ་རིང་བསྲིལ་མཆོད་རྟེན་བརྒྱད་དང་། ཡུལ་ཆེན་པ་བརྒྱད་དུ་རིང་བསྲེལ་གྱི་མཆོད་རྟེན་བརྒྱད་སོགས་དབྱིབས་དང་བཀོད་པ་མི་འདྲ་བ་མང་པོ་བཞེངས།

མཆོད་རྟེན་འདི་དག་རྒྱ་གར་ན་ཡུལ་སོ་སོར་གནས་ཀྱང་། དེ་ལ་འདྲ་བཅོས་བྱས་པའི་མཆོད་རྟེན་དགེ་འདུན་གནས་མལ་གར་ཡོད་དང་། གྲོང་དང་གྲོང་ཁྱེར་གྱི་བཞི་མདོར་སྐྱེ་བོའི་འདུ་ལོང་གར་ཆེ་སར་བྱ་དགོས་པར་གསུངས་སོ། །