ལྡོང་གོང་པའི་རུས་བཤད།

 

  ༈      ཡ་རབ་གནའ་མི་བོད་ཀྱི་བཤད་སྲོལ་ལ།  །

        རང་གི་རིགས་རུས་བདུན་རྒྱུད་མ་ཤེས་ན།    །

དེ་ནི་ནགས་ཀྱི་སྤྲེའུ་ངང་ཚུལ་ཞེས།     །

        སྨད་པའི་གནས་དེ་སྤང་བར་བྱ་བའི་ཕྱིར།    །           

         འདི་ན་གོང་པའི་རིགས་རུས་རག་ཙམ་གླེང་།   །

 

      དེ་ཡང་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་ཞིང་བསིལ་ལྡན་ཁ་བའི་ལྗོངས་སུ། སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་ལས་མཆེད་པའི་བོད་ཀྱི་མིའུ་གདུང་དྲུག་སྟེ།  སྒ་འབྲུ་གདུང་གསུམ་དབྲ་དང་བཞི།  དབལ་ཟླ་གཉིས་ཏེ་རྩ་བ་དྲུག  རྒྱ་བོད་ཧོར་གསུམ་འཇང་དང་བཞི།  མོན་གིང་རི་གཉིས་ཏེ་ཡལ་འདབ་དྲུག། རུས་ཆེན་རེ་ལ་གདུང་བརྒྱུད་རེ།  ཞེས་གསལ་བ་ལྟར་ངོས་འཛིན་དགོས།

   སྐབས་བབ་ལྡོང་གི་རུས་བཤད་པ་ལ།  འབྲུ་བཀྲ་ཤིས་རྒྱལ་མཚན་གྱི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལས།  ཆེ་རྒྱུད་གོང་བ་མ་ཤོར་བ།  ཕུ་བོ་ལྡོང་གི་རུས་རྒྱུད་ཡིན།  སྨུག་པོ་གདུང་དང་ཡི་གེ་ཨ།  སྐྱེ་མེད་རྩོད་པ་བྲལ་ཞིང་ཁྱབ།  ཅེས་དང་།  ལྡོང་ཆེ་གཉེན་ཅན་ཞེས་དབུ་འཕང་མཐོ།  རི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ།  ལྡོང་ཞྭ་མགོ་མཐོ་བ་དེ་ནས་བྱུང་།  ཞེས་རི་རྩེ་མོ་གསུམ་གྱི་དཔེ་ལྟར་ཤིན་ཏུ་དབུ་འཕང་མཐོ་པའི་དོན་དང་།  ལྡོང་ཞྭ་དམར་ཅན་དེ་སྒྲིག་ན་མཛེས། ཞེས་རིགས་འདི་ལ་བོན་མང་དུ་བྱུང་བ་དང་།  གྲལ་བསྒྲིགས་ཚེ་གཟི་བརྗིད་ཆེ་ཞིང་མཛེས་པར་གྲགས།  བོན་གྱི་བསྟན་འབྱུང་ཁག་ལས གཤེན་དང་བྲུ་ཞུ་རྨེའུ་ཁྱུང་།  ཞེས་ཕྱེས་ཡོད་པ་ནི། རྒྱལ་རིགས་གཤན། དཔལ་ལྡན་བྲུ། དབང་ལྡན་ཞུ། གྲུབ་ཐོབ་སྤ།  མཁས་པ་རྨེའུ། དམ་པ་ཁྱུང་།  ཞེས་གསལ་བའི་ནང་གི་གཤན་དང་གོང་པ་གཉིས་རུས་ཅིག་དང་། གོང་པ་གཤེན་པམཁར་པ་གསུམ། བསྐལ་པ་ཆགས་ནས་ཆགས་པ་ཡིན། ཞེས་བཤད་སྲོལ་ཡོད་ལ   བོན་གྱི་རྒྱུན་ཆེན་དྲུག་གི་རིག་འཛིན་གདུང་དྲུག་ཅེས་གྲག  

   ཨ་བོ་ལྡོང་ངམ།  ཨ་སྤོ་ལྡོང་།  ལྷ་ལྡོང་སོགས་འབོད་ལ། འདི་ནི་ཕུ་བོ་ལྡོང་ཡུམ་མཆོག་འབྲུ་སྣ་མ་ཞེས་བྱ་བ་ལས་བྱུང་བའི་རིགས་ཡིན། འདི་ནས་བརྒྱུད་པར་སྲས་གངས་ཅན་མཚོ་བྲག་བྱ་བ་དང་།  དེའི་སྲས་སྨུག་པོ་ཏི་སེ།  དེའི་སྲས་གཡུ་ཡི་སྨིན་མ་དུང་གི་ཐོར་ཚུགས་ཅན། དེའི་སྲས་སྤོ་ན་མགོ་རེ། དེའི་སྲས་ལྷ་ཆེན་ཐི་སོ། དེ་ལ་སྲས་གསུམ་ལས།  སྨུག་པོ་ལྡོང་། ང་ཆེ་གདུང་།  ཐོག་ཐོག་གདུང་ཏེདེ་དག་ལས་རིམ་པར་མཆེད་པ་དཀར་ནག་ཁྲ་བོའི་གདུང་སྟེ་གསུམ་བྱུང་ཞིང་  དཀར་པོའི་གདུང་ལ་རྒྱལ་བཞི།  ནག་པོའི་གདུང་ལ་དཔའ་བཞི།  ཁྲ་བོའི་གདུང་ལ་བཙུན་དྲུག།   །སྨུག་པོ་གདུང་གི་ཆེ་དྲུག།  ཆེ་དྲུག་མཆན་གྱི་བཙུན་བརྒྱད་ཅེས་སོགས་བཤད།  དེ་ལ་ཕྱི་མ་གཉིས་ནི་སྨུག་པོ་ལྡོང་ལས་གྱེས་པའིམིའི་རྗེ་བོར་འོས་པ་གོང་པའི་རུས་རྒྱུད་ཡིན་ དེ་ཡང་རྒྱལ་པོ་ཁྲི་སྲང་ལྡེ་བཙན་གྱིས་མཛད་པའི་དབུ་ནག་མིའུ་འདྲ་ཆགས་ལས། ཆེ་དྲུག་མཆན་གྱི་བཙུན་བརྒྱད་དེ། རག་ཤི་ལ་བཙན་སྡེ་དང་རྨང་སྡེ་གཉིས། རོང་མཛེ་ལ་རོང་དཔོན་དང་སློབ་དཔོན་གཉིས། བྲ་བོ་ལ་རྩེ་པ་དང་གོང་པ་གཉིས། བེ་རི་ལ་མདོ་པ་དང་གླིང་པ་གཉིས་བཅས། དེ་ཆེ་བརྒྱད་མཆན་གྱི་བཙུན་བརྒྱད་ཡིན། དབུས་ལ་རིང་མོ་ཕྱིན་ཆད་དང་། ཚ་བ་དྲིལ་དཀར་ཡན་ཆད་ལ། ཆེ་བཙུན་ལྷ་གཡག་ངར་བ་འདྲ། ས་གོང་བ་བཟུང་ནས་ལྡོང་ཀུན་བཙུན།  བཙུན་ནས་གོང་བ་བཟུང་བ་ཡིན། ས་དྲིན་མི་ལ་ཆེ་བ་མིན། མི་དྲིན་ས་ལ་ཆེ་་ཡིན། ལྡོང་ཡར་ལ་མཐོ་བའི་ཟོར་སྣ་དེ། ཨུ་ག་ཨུ་ར་ཨུ་རྩེ་གསུམ། དབུས་གོང་དཀར་པོའི་ཆག་རོ་སྲུང།  དེ་ཕྱིར་རུས་ལ་གོང་པ་ཐོག།   ཞེས་གསུངས་པ་ལྟར། སྨུག་པོ་ལྡོང་གི་རུས་མཆན་བཙུན་བརྒྱད་ཀྱི་བྱེ་བྲག་གོང་པ་ལྷའབུམ་སྨུག་པོའིལྡོང་བྱུང་སྟེ། གནའ་བོའི་ངག་རྒྱུན་ལས།  གོང་པ་ལྷ་ལྡོང་བཙུན་བརྒྱད་དེ། བཤད་ན་མི་ཆེ་བ་ཞིག་མིན བོས་ན་མི་ཐོས་པ་ཞིག་མེད། སྒོས་སུ་སྨུག་པོའིགདུངརྒྱུད་དེ། བཤད་ན་དགུང་སྔོན་བས་ཀྱང་འཕང་མཐོ། བལྟས་ན་ཉི་ཟླ་བས་ཀྱང་བཀྲག་གསལ། གྲོལ་ཕུག་རྒྱ་མཚོ་བས་ཀྱང་གཏིང་ཟབ། མི་རྒྱུད་ཆུ་བོ་ལས་ཀྱང་གཞུང་རིང། ཆེ་རྒྱུད་ལྷ་གྲལ་མ་སྟོང་། མཐོན་པོའི་དབུ་འཕང་མ་ཉམས། ཆུ་རྒྱུད་དེ་གངས་དཀར་ཏི་སེ་ནས་མཆེད། ཏི་སའི་ཁ་བབ་ཀྱི་ཆུ་བོ་དེ་རྒྱ་མཚོའི་ནང་དུ་མཆེད། མི་རྒྱུད་དེ་མཐོ་རིས་འོད་གསལ་ལྷ་ནས་མཆེད། ལྷ་རྒྱུད་དྲི་མ་མེད་པ་དེ་བོད་ཡུལ་དུ་མཆེད། བོད་ཡུལ་མདོ་དབུས་ཁམས་གསུམ་དུ་མཆེད། ཞེས་དང་། ཡང་ངག་རྒྱུན་ལས། ཚངས་པ་ལྷ་ཡི་གདུང་། གོང་པ་མི་ཡི་གདུང་། བསྐལ་པ་ཆགས་པའི་སྔ་མ།  ཞེས་ང་། མི་རྒྱུད་མ་ཆད་སྨུག་པོ་ལྡོང་། ཕ་རྒྱུད་མ་ཆད་གོང་མ་ལྷ། སྨུག་པོ་ལྡོང་གི་མཆན་བརྒྱད་ཁྱོད། སྟོབས་རྩལ་ཕོ་ཐུང་སེང་ལས་ཆེ། དཔའ་སྙིང་དམར་ཡག་སྟག་ལས་ལྷག གདུང་མཚན་གོང་མ་ལྷ་ནས་ཐོབ། དེ་ཕྱིར་རུས་ལ་གོང་པ་འབོད།  ཞེས་དང་ ལྷ་ལྡོང་སྨུག་པོ་ལས་མཆེད་པ་གོང་པའི་རུ་རྒྱུད་ལས་སྟོད་ལ་བླ་མ་མི་དཔོན་གྱི་བར་མ་ཆད།  བར་ན་སྔགས་པ་དོམ་ཞྭ་ཅན་གྱི་གྲྭ་མ་ཉམས།སྨད་ན་དམར་ནག་རཀ་ཏའི་མཚོ་མོ་མ་སྐམ མི་རྒྱུད་ཆུ་བོའི་གཞུང་དང་འདྲ། བླ་མ་མི་དཔོན་རྒྱུ་མི་འཆད། སེམས་ཅན་ཀུན་གྱི་འགྲོ་དོན་འབྱུང། དཔའ་བོའི་སྡང་དགྲ་འདུལ་བ་དང་། གྲགས་པས་རྒྱལ་ཁམས་ཁེབ་པ་འབྱུང  ཞེས་གསུངས་བཞིན་གནའ་དུས་སུ་བོད་མདོ་དབུས་ཁམས་གསུམ་དུ་རུས་རྒྱུད་གོང་པས་མ་ཁྱབ་ས་མེད་པ་དང། ལུང་ཚན་སོ་སོར་མིང་འབོད་སྲོལ་མི་འདྲ་བ་ཡོད་ཀྱང་གཤན་གོངགཉིས་རུས་གཅིག།  མདོ་གོང་གཉིས་རུས་གཅིག གོང་ཆེན་གོང་ཆུང་གོང་རྒན་སོགས་རུས་གཅིག་ལས་མ་འདས་སོ།   མདོ་གོང་གཤན་གསུམ་སྨུག་པོ་རུས་པའི་གཞུང་ཤིང་ཞེསཀྱང་བཤད ལོ་རྒྱུས་ཡིག་ཚང་ཁག་གི་ནང་རུས་མིང་འབྲི་ཚུལ་ཐད་ལ་འདྲ་མིན་བྱུང་བ་ནི། དཔེར་ན།  གོང་པ་དང་གུང་པ། གོང་བ་དང་གོང་རི། མི་ཉག་དང་མེ་ཉག།  འཁོན་དང་མཁོན། བསེ་དང་བསྲེས། མགར་དང་འགར། སྐྱི་དང་ཀྱི། རླང་དང་གླང་། མྱང་དང་ཉང་། འགྱིང་དང་གྱིངས། སྤྱང་དང་ལྕང་སོགས་འདྲ་མིན་བྱུང་བ་ལ་དཔྱད་ན་སྔ་མ་རྣམས་འབྲི་ཚུལ་དག་པར་སྙམ་མོ

   ཚད་ལྡན་ཡིག་རྙིང་འབའ་རོམ་གསེར་ཕྲེང་ལས། གོང་པ་ཨའུ་དང་རས་པ་དཀར་པོ་དཔོན་སློབ་ཀྱིས་གདན་ས་སྐུ་འབུམ་གཞེངས་པར་བརྩམ་དུས ཧོར་སེ་ཆེན་བུས་མདོ་སྨད་དུ་དམག་སྟེགས་པ་ལ་རྒྱུད། བླ་མས་སྐུ་འབུམ་བྱ་བར་ཞུས་པས་གནང། རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང གོང་པ་ཨའུ་མི་ཆོས་ཀྱི་དཔོན་པོ་མཇད་ཅེས་གསལ་བ་ལྟར། གནས་དྲུག་ཁྲི་སྐོར་ཆབ་འབངས་སུ་དབང་བསྒྱུར་མཛད་པའི་ནང་ཆེན་ཆོས་རྒྱལ་ཆེན་པོའི་སྐུའི་གདུང་རུས་མི་རྗེ་གོང་པ་ཡིན་པར་གསལ།  མདོ་སྨད་དུ་ལྷ་སྨན་གྲགས་ཅན་གོང་སྨན་ལྷ་མོ་སྐྱབས་སོགས་ལུགས་གཉིས་ཀྱི་མཇད་བཟང་ཅན་མང་དག་བྱུང་ཞིང་། མཚོ་སྔོན་ཁྲི་ཀ་སྡེ་བའི་གོང་པ་ཀ་བཅུ་དང་།  གོང་པ་དགོན།  གོང་པ་ཤོག་ཆེན་བཅུ་གསུམ་ལ་འབང་སྡེ་བརྒྱད་རྒྱ་ཡར་ལྷག་ཡོད་སྐད།  ནང་ཆེན་ཤོག་ཆེན་བཅོ་བརྒྱད་གང་སར་གོང་པའི་རུས་རྒྱུད་མངཞིང་།  ཁྱད་པར་འབྲོང་པ་ཀ་གཞུང་དང་། སེང་གཞུང་།    འབྲོང་ཤོག།  སྡོམ་པ།  ཤར་ལུང་གཞུང་།  ཟུར་མང་།  སྐྱོ་བྲག།  རྗ་སྟོད།  ནག་ཆུ།  ཁྱུང་པོ།  ཚ་བ་སྒང་། སྨར་ཁམས། སྡེ་དགེ་ལྷ་ཐོག་སོགས་སུ་མང་།  ཨ་ལྡེའུ་སྐྱེ་སྲིད་བདུན་པ།  ཆོས་ཕུག་སྤྲུལ་སྐུ།  གྲུབཐོབ་བཀྲ་ཤིས་ཆོས་འཕེལ།  ངག་དགའི་སྐྱེ་སྲིད་གཉིས་པ། ཁམས་རི་བོ་ཆེའི་འཕགས་མཆོག་སྤྲུལ་སྐུ།  ཆོས་ཕུག་དགོན་གྱི་བླ་སྔོན་སྤྲུལ་སྐུ།  གྲུབ་ཆེན་སངས་རྒྱས་ཡེལ་པའི་མ་ཡུམ་སོགས།  

འཚོ་བཞུགས།  བླ་ཆེན་དགོན་གྱི་མཆོག་སྤྲུལ་བཀྲ་ཤིས་ཆོས་འཕེལ།  ལ་ཡག་སངས་རྒྱས་སྤྲུལ་སྐུ། རྟ་རྣའི་སྒྲུབ་བརྒྱུད་སྤྲུལ་སྐུ་སོགས་དང་།  མཚུར་ཕུ་དགོན་གྱི་མཁན་ཆེན་ལོ་ཡག་བཀྲ་ཤིས།  རྟ་རྣ་དགོན་མཁན་ཆེན་ཀརྨ་མ་བདེ་ཆེན།  འབྲི་རུ་དགོནམཁན་ཆེན་ལུང་རིག་སེང་གེ།  སྐྱོ་བྲག་དགོན་གྱིམཁན་ཉི་སྐྱིད་སོགས་རུས་གོང་པ་ལས་མཆེད།  

ཡང་གོང་བཟའ་ལ་འཁྲུངས་པ།  གནས་ནང་དཔའ་བོ་རིན་པོ་ཆེ།དཔལ་སྤུངས་མཁྱེན་བརྩེ་རིན་པོ་ཆེ། སྤྱི་འབྲུག་གཏེར་ཆེན་ཆོས་རྒྱལ་རྡོ་རྗེ།  སྤྱི་འབྲུག་རྡོ་རྗེ་གནམ་ལྕགས་སྤྲུལ་སྐུ། རྫ་ནག་དབོན་སྤྲུལ་རིན་པོ་ཆེ། ཚངས་དབྱངས་རྒྱ་མཚོའི་སྤྲུལ་སྐུ། བླ་ཆུང་བཟང་པོ་སྤྲུལ་སྐུ། སྐྱོ་བྲག་དུང་སྤྲུལསོགས་ལྡོང་གོང་པའི་རྒྱུད་ལས་མཆེད་པའོ།  །  

 

  ༈         འདི་ལྟར་མཚམས་སྦྱོར་གྱི་དགོས་པ་ནི།

 

སྲིད་པ་རྒན་པོའི་གཏམ་དཔེ་ལ།  །ལོ་རྒྱུས་ཚིག་གསུམ་མ་གོ་ན། །

ཕ་ཨ་ཁུ་ཡིན་ཀྱང་ངོ་མི་ཤེས། འཇིག་རྟེན་སྐྱེས་བུ་གང་ཞིག་གི  །

རང་གི་ཕ་ངོ་མ་ཤེས་ན།        །ཕ་མེད་བྱིས་པ་དྭ་ཕྲུག་བཞིན། །

ཀུན་གྱིས་འཕྱ་སྨོད་བྱེད་པའི་གནས།     ཞེས་གསུངས་པ་ལྟར། 

བོད་མདོ་དབུས་ཁམས་གསུམ་སམ་འཇམ་གླིང་གི་ཡུལ་གྲུ་གང་དུ་གནས་ཀྱང་རང་མི་རིགས་ཀྱི་རིག་གཞུང་དང་།  རིགས་རུས།  གོམས་གཤིས་སོགས་མ་ཡང་འདོར་མི་རུང་བའི་ཕྱིར་ན་དྲན་བསྐུལ་གྱི་ཚུལ་དུ་ཕུལ་བའོ༎

 

 

༈    ལྡོང་གོང་པའི་རུས་རྒྱུད་ཀྱི་བྱུང་རིམ་དཔྱད་གཞིའི་ཡིག་ཆ།  

 

 རྒྱལ་པོ་ཁྲི་སྲང་ལྡེའུ་བཙན་གྱིས་མཛད་པའི་བོད་དབུ་ནགམིའུ་འདྲ་ཆགས

༢ འབྲུ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་རུས་མཛོད་མེ་ཏོག་སྐྱེས་ཚལ

   འབྲོང་རབས་སྐྱེ་བ་ལྔ་པའི་རངསྒྲ།

 འབྲོང་རབས་གསེར་རིས་ཕྲེང་བ།

   འབྲོང་པའི་རྟོགས་བརྗོད།

  འབརོམ་གསེར་ཕྲེང་དང་གནའ་བོའི་ངག་རྒྱུན་སོགས་ལས་བཏུས།