མི་རྣམ་བརྩིགས་བཟོ།

 

༄། བོད་ཁང་གི་རྩིག་བཟོའི་སྒྱུ་རྩལ།

༄། བོད་ཁང་ཕལ་ཆེར་གྱང་དང་། རྡོ་རྩིག ཤིང་གི་བང་རྩིག ས་ཕག་བཅས་ཡིན། ས་ཕག་གི་གྱང་ངོས་སུ་འདམ་གྱིས་ཞལ་བའི་ཐོག་ཏུ་མཛུབ་རིས་གཞུ་དབྱིབ་ཅན་གྱི་བར་ཤུར་གཉིས་ཐུར་དུ་འཐེན་པ་ནི་ཆར་ཆུའི་བཞུར་ལམ་བདེ་བས་གྱང་ལ་མི་དགྲ་བ་དང་། དཀར་རྩི་ཡུན་རིང་དུ་གནས་པའི་དགོས་པ་ཡོད།།

   བོད་ཀྱི་ཁང་པའི་སྒོ་དང་སྒེའུ་ཁུང་ཕལ་ཆེ་བ་ཤར་ལྷོ་གཉིས་ལ་ཁ་ཕྱོགས་པའི་རྒྱུ་མཚན། དགུན་དུས་ཀྱི་ཉི་མ་ཤར་ལྷོ་ནས་རྒྱུ་བས་གསལ་ཆ་ཆེ་བ་དང་ཉི་འོད་ཕོག་ཆེ། ད་དུང་སྒོ་དང་སྒེའུ་ཁུང་གི་འགྲམ་དུ་ནག་རྩི་གཏོང་སྲོལ་ཡོད་པས། མཚོན་མདོག་ནག་པོས་ཉི་འོད་འཐེན་ཤུགས་ཆེ་བས་དྲོད་ཁུག་པའི་དགོས་པ་ཡོད། དེ་ནི་དེང་དུས་ཀྱི་ཚན་རིག་དང་མཐུན་པ་ཞིག་རེད། མཚོན་མདོག་དཀར་པོས་ཉི་འོད་བཀག་པ་དང་། མཚོན་མདོག་ནག་པོས་ཉི་འོད་ཀྱི་དྲོད་ཚད་འཐེན་ཐུབ་པ་ཡོངས་སུ་གྲགས་སོ།

 

༄། སྤེན་བད་དམ་པཎ་གྱང་།

 

   སྤེན་བད་ནི་མཛེས་ཆ་ལྡན་པ་དང་། ཉི་ར་ཡི་གོ་ཆོད་པ། ད་དུང་གནའ་དུས་སུ་སྐབས་རེ་དམག་འཁྲུགས་ཡོད་སྲིད་ན་གབ་ར་ཞེས་སྒྱོག་མདེལ་སྲུང་སྐྱོབ་བྱེད་ཐུབ།  རྒྱུ་གཙོ་བོ་ཤིང་སྤེན་མ་དང་།  ཡུལ་སྐད་དུ་ཉབ་རུད་ཅེས་པ་གཉིས་ཀྱིས་བཟོ་སྲོལ་ཡོད།  དེ་དག་ལྗིད་ཡང་བ་དང་།  མཚོན་མདོག་ཁ་བསྒྱུར་བདེ་བ། མཚོན་མདོག་ཡུན་དུ་གནས་ཆེད་རང་བྱུང་གི་ས་མཚོན་དམར་པོ་ཙཀ་ཞེས་པར་ར་ལུག་གི་འོ་མས་ཕབ་རྟ་སྦྱོར་ཏེ་སྤྱོད་ན་མཚོན་མདོག་མི་འགྱུར་བ་དང་།  ཡུན་དུ་གནས་པའི་དགོས་པ་ཡོད།  གནའ་བོའི་བོད་ཀྱི་སྲོལ་རྒྱུན་ནང་ལམ་ལུགས་སྲོལ་དང་།  ལས་སྣེ་ཀུན་ལ་མགོ་མཇུག་ཡོད་པ་ནི་སྐྱེ་བོ་ཀུན་གྱིས་སྒྲིག་ཁྲིམས་རང་སྲུང་ཡ་རབ་ཚུལ་ལྡན་ཡིན་བརྟེན།  འདི་ལྟ་བུའི་སྤེན་གྱང་ནི་ལྷ་ཁང་དང་།  དགོན་པའི་འཁོར་ཡུག་ལས་གཞན་དུ་བེད་སྤྱོད་གཏོང་མཁན་བ་ཧ་ཅང་ཉུང་།

 

༄། གྱང་གི་སྐོར།
   གྱང་ནི་དུས་སྐབས་གཅིག་ལ་དར་ཁྱབ་ཆེ་བའི་རྩིག་བཟོའི་གྲས་ཤིག་ཡིན། ས་སྐྱའི་ལྷ་ཁང་ཆེན་མོ་དང་། ཁམས་ཁུལ་སོགས་ལ་དར་སོ་ཆེ་ཙམ་ཡོད་ཐོག ༡༩༥༩ལོའི་གོང་དུ་ལྷ་ས་སོགས་ས་ཆ་མང་པོར་ལྕགས་རི་ཕལ་ཆེར་གྱང་བརྡུང་གི་ཡོད། གྱང་བརྡུང་སྟངས་ནི་འོག་ཏུ་ཆུ་ལེན་རྡོ་རྩིག་བསྟར་པ་གཉིས་གསུམ་ཙམ་བརྩིགས་པའི་སྟེང་དུ་གྱང་པར་ཞེས་ཆེད་བཟོས་པང་ལེབ་ཞེང་ཆེན་གཉིས་བསླངས་པའི་མགོ་མཇུག་གཉིས་སུ་རྒྱུག་རིལ་གཉིས་རེ་ཕྲེད་ཐག་གིས་བསྡམས་ནས་གྱང་སྒྲོམ་བཟོས་པའི་ནང་སྐམ་རློན་རན་པ་དང་། རྡོ་ཞིབ་འདྲེས་མའི་ས་བསླུགས་ཏེ་རྒྱུག་རིལ་སྣེ་གཅིག་ཟླུམ་བུ་དང། སྣེ་གཅིག་རྩེ་མོ་ཟུར་ལེབ་ཡིན་པ་ཞིག་གིས་རྡུང་གི་ཡོད། གྱང་གི་ཁྱད་ཆོས་གཙོ་བོ་ནི་སྒྱོག་མདེལ་ཕོག་ཀྱང་རྩིག་པ་མི་ལོག་པ་སོགས་ཚེ་རིང་ལ། ནང་དུ་ཚ་གྲངས་སྙོམ་པ། འཕྲོད་བསྟེན་ལྡན་པ་སོགས་ཀྱི་ཁྱད་ཆོས་ཡོད་པ་རེད། གྱང་བརྡུང་བའི་བརྒྱུད་རིམ་ནང་དམིགས་བསལ་གྱང་གླུ་ཞེས་ནང་དོན་ཕུན་སུམ་ཚོགས་པའི་གཞས་སྙན་པོ་གཏོང་རྒྱུ་ཡོད་པ་རེད།  

   དཔེར་ན་ནང་དོན།    ཤར་ནས་བྱ་གསུམ་འཕུར་ལ་སོང་།  །བྱ་སྔོན་མ་རྗེས་མ་བར་མ་གསུམ།  །བྱ་སྔོན་མ་ཐང་དཀར་རྒོད་པོ་རེད།  །ངང་འཁྱིལ་ལེ་ལྷ་སའི་མཐིལ་ལ་བབས།  །ལྷ་ཇོ་བོ་ལ་མཇལ་དར་འབུལ་མཁན་རེད།  །ཆོས་བསྟན་པ་རྒྱས་པའི་རྟེན་འབྲེལ་ཡོད།  །བྱ་བར་མ་ངང་པ་གསེར་མགོ་རེད།  །སེར་འཁྱིལ་ལེ་ལྷ་སའི་མཐིལ་ལ་བབས།  །ལྷ་ཇོ་བོ་ལ་གསེར་གསོལ་འབུལ་མཁན་རེད།  །ནོར་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་ཡོད།  །བྱ་རྗེས་མ་ཁུ་བྱུག་སྔོན་མོ་རེད།  །སྔོ་འཁྱིལ་ལེ་ལྷ་སའི་མཐིལ་ལ་བབས།  །ལྷ་ཇོ་བོ་ལ་ཡོན་ཆབ་འབུལ་མཁན་རེད།  །བོད་བདེ་སྐྱིད་ལྡན་པའི་རྟེན་འབྲེལ།  །

 

༄། རྡོ་རྩིག
  མདོ་དབུས་ཁམས་གསུམ་དུ་རྡོ་རྩིག་གི་ཁང་པ་མི་ཉུང་བ་ཡོད་པ་མ་ཟད། ལུང་ཚན་སོ་སོར་ཁྱད་ཆོས་ཅན་མང་པོ་ཡོད། ད་དུང་ཟམ་རྩིག་ཅེས་ཡུལ་གྲུ་མང་པོར་སྔར་གྱི་ཟམ་པ་མང་པོ་མཐོང་རྒྱུ་ཡོད་པ་དེ་ཚོའི་ཟམ་སྣེའི་རྩིག་པ་འགའ་ཞིག་ཆུ་རྡོ་རིལ་རིལ་སྐམ་རྩིག﹙འདམ་པ་མེད་པ་﹚བྱས་ནས་བཟོས་པ་དང་། དེའི་སྟེང་རྒྱུག་པའམ་གདུང་རིང་རིམ་བཞིན་ཇེ་རིང་དུ་སྒྲིག་པའི་སྟེང་ཟམ་གདུང་བཀལ་ནས་བཟོས་པ་ཡོད།

༄། ས་ཕག
  ས་ཕག་ཅེས་པ་སྤྱིར་བཏང་ས་ཁོ་ནའི་ཕག་ཁྱབ་ཆེ་རུང་། ད་དུང་རྫ་ཕག་དང་། ལྕི་བའི་ཕག་ཀྱང་ཡོད། ཕོ་བྲང་པོ་ཏཱ་ལའི་སྟེང་ཁང་འགའ་ཤས་ཀྱི་བར་བཅད་དང་། ཚོམས་ཆེན་ཤར་གྱི་སེང་གཡབ་ཀྱི་རྩིག་པ་ཡང་ལྕི་ཕག་ལས་བཟོས་པ་མཐོང་རྒྱུ་ཡོད། འབྲོག་པས་དགུན་དུས་སུ་ལྕི་ཕག་གིས་སྟབས་བདེའི་ཁང་པ་བཟོ་སྲོལ་ཡོད།


༄། ཀ་གདུང་བརྩེགས་མ་བཅུ་གསུམ།

      བོད་གནའ་རབས་ཀྱི་སྲོལ་རྒྱུན་འཛུགས་སྐྲུན་གྱི་སྐབས།  ཁང་པའི་ནང་གི་ཤིང་བརྩེགས་རྒྱན་སྤྲོས་རྒྱས་ཤོས་ལ་སྣ་ཁ་ཉི་ཤུ་རྩ་གཅིག་ཡོད་པ་དང་། རྒྱས་བསྡུས་འབྲིང་གི་དབང་དུ་བྱས་ན་བཅུ་གསུམ། བསྡུས་པའི་དབང་དུ་བྱས་ན་དགུ་ཡོད་པས།   རྒྱས་ཤོས་ནི།  ༡ ཀ་བ། ༢ བྲེ། ༣འབེན་ལོག ༤ གཞུ། ༥གདུང་སྟན། ༦ གླང་སྣ། ༧ དུང་མ། ༨གདུང་ཁེབས། ༩ རིན་པོ་ཆེ། ༡༠ པདྨ། ༡༡ པད་ཁེབས། ༡༢ སྤྲིན་ཆུང་། ༡༣ མཆོད་བརྩེགས། ༡༤ བབས་ཁེབས། ༡༥བབས་བརྐྱང་མ། ༡༦ བབས་བསྐུམས་མ། ༡༧ ལྕམ། ༡༨ཁ་ཤིང་། ༡༩ གྱེན་རྩེ། ༢༠ གག་སྤང་། ༢༡ ལྕམ་བཀག་བཅས་ཡིན་ནོ།།

   ཤིང་རྩེག་བཅུ་གསུམ་ཞེས་པ་ནི་དགོན་པ་ཆེ་ཁག་གི་འདུ་ཁང་དང་། ཕོ་བྲང་གི་ཚོམས་ཆེན་གྱི་ཀ་རིང་། སྒོ་མཆོར་སོགས་ཀྱི་མཛེས་རྒྱན་ལྟ་བུ་ཡིན། དེ་ཡང་ཀ་བ་ནས་ལྕམ་གྱི་བར་དུ་རྩེག་མ་བཅུ་གསུམ་ཡོད་དེ། ༡.ཀ་བ། ༢.གཞུ་ཆུང་། ﹙སྦེ་ལོག﹚༣.གཞུང་རིང་། ༤.པད་མ། ༥.ཆོས་རྩེག ༦.གདུང་མ། ༧.བབས་གདན། ༨.བབས་ཐུང་། ༩.བབས་རིང་། ༡༠.དྲེ་གདན། ༡༡.དྲེ་ཐུང་། ༡༢.དྲེ་རིང་། ༡༣.ལྕམ་བཅས་ལ་ཟེར་སྐད།   འདི་དག་ནི་དབུས་གཙང་ཁུལ་གྱི་ཐ་སྙད་འདོག་སྟང་གཙོ་བོ་ཡིན།  ད་དུང་མདོ་ཁམས་ཁུལ་དུ་ཐ་སྙད་འདོག་སྟང་མི་འདྲ་བ་མང་པོ་ཡོད།  ཀ་གཞུའི་ངོགས་སུ་རི་མོ་དམིགས་བསལ་ལ་བཤད་པ་འདི་ལྟར་ཡོད། རྒྱལ་པོ་གདན་ལ་བཞུགས་འདྲ། །བློན་པོས་ཞུ་བ་ཕུལ་འདྲ། །བཙུན་མོས་ཞུ་སྐྱོར་བྱས་འདྲ། །ཞུ་མ་ཤེས་ཕྱིར་ལོག་བྱས་འདྲ།།

 

༄། ཀ་བ་སོགས་བརྗེ་སྐབས་འགྱོགས་རྒྱག་སྟངས།

  བོད་ཀྱི་ཁང་པའི་ཀ་བ་ཐང་པོ་མེད་པའི་རིགས་ལ་འདེགས་རོགས་ཀྱི་ཀ་བ་གསར་པ་བརྗེ་སྟངས་ནི་ཀ་བ་སྐྱོན་ཅན་དེའི་གཞུ་ཆུང་ལ་ཤིང་ཕྲ་སྦོམ་ཀ་བ་ལས་ཕྲ་ཙམ་གཉིས་བཙུགས་པའི་འོག་ཏུ་ཤིང་རིང་ཐུང་སྦོམ་ཕྲ་སྙོམས་པ་རེ་རེའི་རྩེ་མོ་ཀ་སྐྱོར་དེའི་འོག་ཏུ་བཅུག་ནས་རྩ་བ་གྱེན་དུ་སྐྱེར་བའི་སྟེང་ལ་བྱེ་མ་དོ་པོའམ་མི་གྲངས་མང་ཉུང་ཆ་སྙོམས་ཀྱིས་མནན་ཤིང་བཟོ་བ་དེའི་བཀོད་འདོམས་བཞིན་དལ་བུས་མནན་ཏེ་གདུང་མ་བཏེགས་རྗེས་ཀ་བ་རྙིང་པ་སྐྱོན་ཅན་དེ་ཚུར་བླངས། དེ་ནས་ཀ་བ་གསར་པ་བཙུགས་ཏེ་འགྱོག་ཤིང་རིམ་བཞིན་གནོན་ཤུགས་ཇེ་ཡང་དུ་བཏང་ནས་ཀ་བ་ཚུགས་མཚམས་ཀ་སྐྱོར་དེ་ལེན་གྱི་ཡོད། ཁང་པ་ཐོག་གཅིག་ཙམ་མ་ཟད། ཐོག་བརྩེགས་ཁ་ཤས་ཡོད་པའི་འོག་ཁང་གི་ཀ་བ་ཡང་བརྗེ་ཐུབ།
འགྱོགས་ཆེ་བ་ལ་གླང་ཆེན་སྒོར་འགྱོགས་དང་། འགྱོགས་ཆུང་བར་རྒན་མོ་ཡོག་འགྱོགས་ཞེས་འབོད།

 

༄། ཟུར་འཕྱོང་།
  ཕོ་བྲང་སོགས་སུ་ཡང་སྟེང་གི་རྩིག་ཟུར་ངོས་སུ་ཟུར་འཕྱོང་ཞེས་སྒེའུ་ཁུང་ཕྲ་གླིང་ཅན་ཕྱོགས་གཉིས་དཀར་གསལ་ཡོད་པ་དེ་སྒེར་པ་ཁག་དང་། མི་སེར་དཀྱུས་མའི་ཁང་པར་བཟོ་མི་ཆོག་སྐད།


  

༄། རྒྱན་རིས།
  དགོན་པ་དང་ལྷ་ཁང་སོགས་ཀྱི་རྩིག་ལྡེབས་སུ་ལྷ་སྐུ་དང་། རྒྱལ་རབས་རྣམ་ཐར་སོགས་རི་མོ་འབྲི་སྲོལ་ཡོད་པ་མ་ཟད། ཁྱིམ་པའི་སྒེར་ཁང་ལ་ཡང་སྒོའི་ནང་དུ་སོག་པོ་སྟག་ཁྲིད་དང་། ཨ་ཙར་གླང་ཁྲིད། གཞན་ཡང་བཀྲ་ཤིས་རྟགས་བརྒྱད་དང་། རྫས་བརྒྱད། འདོད་ཡོན་སྣ་ལྔ། རྒྱལ་སྲིད་སྣ་བདུན། མཐུན་པ་སྤུན་བཞི། ཚེ་རིང་དྲུག་འཁོར་སོགས་ཀྱི་མཛེས་རིས་སྣ་ཚོགས་འབྲི་སྲོལ་ཡོད།།

 

༄། ཁང་པའི་མཛེས་སྤྲས།
  བོད་ཁང་གི་སྒོ་དང་། སྒེའུ་ཁུང་གི་ཐོད་དུ་གཤམ་བུ་གཏོང་གི་ཡོད། གཤམ་བུ་ཕལ་ཆེར་དར་དཀར་པོར་གོང་བ་དམར་སེར་སྔོ་གསུམ་སྒར་སྲོལ་ཡོད། དགོན་པ་དང་ཕོ་བྲང་གི་རབ་གསལ་ལམ་གཟིམ་ཆུང་གི་སྒེའུ་ཁུང་སྟེང་གི་གཤམ་བུའི་འོག་ཏུ་གནམ་ཡོལ་ཞེས་རས་སམ་དར་གོས་ཀྱི་གཞི་དམར་པོར་མཐའ་ལྕགས་དང་། ཚེམ་དྲུབ་སྟེང་སྔོན་པོ་བཏང་བ་ཞིག་དང་རབ་གསལ་མདུན་གྱི་སྟག་ཁྲའི་ངོས་སུ་གོང་མཚུངས་ཀྱི་ཡོལ་བ་ས་ཡོལ་ཞེས་པ། རབ་གསལ་དང་། སྒོ་མཆོར་མདུན་སྦྲ་ཡོལ་ནག་པོར་རས་དཀར་པོའི་མཐའ་ལྕགས་དང་། པ་ཏྲ་སོགས་སྦ་ལེ་བརྒྱབ་པ་ཞིག་གཏོང་གི་ཡོད། སྒེར་པའི་ཁང་པར་གནམ་ཡོལ་ལས་ས་ཡོལ་གཏོང་གི་མེད། གཞན་ཡང་ཁང་པའི་མཛེས་ཆར་གདུགས་དང་། རྒྱལ་མཚན། དར་ལྕོག བཀྲ་ཤིས་ཁྲ་རིང་སོགས་ཀྱིས་བརྒྱན་སྲོལ་ཡོད།

 

 

ཁང་པའི་བརྐོས་དཀྲོལ།

 

བོད་ཀྱི་གནའ་བོའི་ཁང་པ་རྣམས་ཀྱི་ལྕགས་དཀྲོལ་དེ་ཚོ་ནི། མི་ཞིག་ལ་མཚོན་ན་མགོ་རྒྱན་ནམ་ལུས་ཀྱི་རྒྱན་ཆ་ལྟ་བུ་ཡིན་བརྟེན། ཁང་པ་ཞིག་ལ་དེ་དག་འཛོམས་ན། ཆ་ཚང་བ་དང་ཁྱད་ཆོས་ལྡན་པས། དེ་བས་འགྲོ་སོང་ཆེ་བ་དང་རིན་ཐང་ལྡན་པ་ཡིན། དེ་ལྟ་བུའི་ཁྱད་ཆོས་ལྡན་པ་ནི་དུས་རབས་དྲུག་པ་དང་བདུན་པའི་སྐབས་སུ་བཞེངས་པའི་ལྷ་ལྡན་གཙུག་ལག་ཁང་སོགས་ནས་དུས་རབས་དེའི་རྩེག་བཟོའི་སྒྱུ་རྩལ་ཁྱད་ཆོས་མཐོང་རྒྱུ་ཡོད། དཔེར་ན་གསེར་གྱི་རྒྱ་ཕིབས་ནི་གནའ་བོའི་བོད་ཁང་གི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ཅིང་། བརྐོས་དཀྲོལ་ཧ་ཅང་ལེགས་པའི་རྒྱ་ཕིབས་དང་། ཆོས་འཁོར། རི་དྭགས། རྒྱལ་མཚན། པད་རྒྱན། སྒོ་སྒེའུ་ཁུང་ལ་ལྕགས་དཀྲོལ་གྱི་འཆིང་རྒྱན། སྒོ་འབོར་མེ་ལོང་། གཟེར་བུ་སོགས་ཀྱིས་བརྒྱན་པ་ཁང་པའི་བཟོ་བཀོད་ནི་བོད་ཀྱི་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ཞིག་རེད།།