ངོས་ཀྱི་ཕ་ཡུལ་ལ་ནང་ཆེན་ཞེས་པའི་མཚན་དོན།

     ཡུལ་གྲུ་ལ་ནང་ཆེན་ཞེས་གྲགས་པའི་དོན་ནི།  འཕགས་མཆོག་སེམས་ཉིད་ངལ་གསོའི་སྤྲུལ་པ་ནང་ཆེན་ཐུགས་རྗེ་ཆེན་པོའི་གདུལ་བྱར་བདག་གིར་བཟུང་ཞིང་བྱིན་གྱིས་བརླབས།  འཁོར་འབངས་རྣམས་བྱམས་དང་སྙིང་རྗེས་སྐྱོང་བ་སོགས་བྱང་ཆུབ་སེམས་དཔའི་མཛད་པ་ལྷུར་བཞེས།  ཡུལ་མི་ཀུན་གྱི་འཕྲལ་ཡུན་གྱི་སྐྱབས་གནས་སུ་འཛིན་ཅིང༌།  གོང་ཕ་རྗེ་ནང་ཆེན་ཆོས་རྒྱལ་ཞེས་འབངས་ཀྱིས་དད་དམ་འགྱུར་མེད་དང༌།  གོང་ནས་ཀྱང་ནང་ཚང་ཆེན་པོ་གཅིག་གི་ཕ་ཡིས་བུ་ལ་བརྩེ་སྐྱོང་བྱ་བ་ཇི་ལྟ་བ་བཞིན་རྗེས་སུ་བཟུང་བའི་མངའ་འབངས་སུ་གྱུར་པས་ན་དེ་ལྟར་གྲགས་པར་གདའ།  ཆོས་རྒྱལ་དེ་ཡི་མངའ་ཁུངས་སུ།  རྒྱལ་པོའི་དབུ་བླ་ཁག་བཞི།  ནང་བློན་ཤེལ་སྒོ་གཉིས་སྦྲེལ།  བཀའ་ཡི་མགྲོན་གཉེར་མི་བཞི།  ཕྱི་བློན་རོལ་པ་སྐྱ་བདུན།  སྒེར་བཙན་དགོན་སྡེ་ཁག་གསུམ།  དེམ་ཆི་ཉི་ཤུ་རྩ་ལྔ། དཔོན་མགོ་བེ་ཅང་སུམ་བཅུ་སོགས་ཆབ་འབངས་ཡོད་པ།  དཔེར་ན།  སྒ་བ་རིན་ཆེན་ཕྱུག་དྲུག  །རག་ཤུལ་མ་ལག་བཅོ་བརྒྱད།  སྒ་སྟོད་ཨ་ཁྲོ་ཚོ་བདུན།  ཡུལ་ཤུལ་ལིང་ཚེ་བཅུ་གཉིས། གཡག་ར་ཕ་ཤོག་བཅོ་བརྒྱད།  ཉམ་མཚོའི་ཕ་སྡེ་ཚོ་དྲུག  །ལྗང་སྲིབ་བེ་ཧུ་ཤོག་གཉིས།  བྱང་རིགས་རྒྱ་སྡེ་ཁག་གསུམ།   དགེ་རྒྱལ་སྟོད་སྨད་བར་གསུམ།   འབྲོང་པ་བྱང་རོང་ཤོག་བཞི།  ནང་སྡེ་ཤོག་ཆེན་བཅོ་བརྒྱད་སོགས་འབོད་པ་དེ་རྣམས་ཡོངས་རྫོགས་ལ་ནང་ཆེན་པ་ཞེས་གྲགས་ཀྱང༌།   ཡུལ་ཤོག་སོ་སོའི་མིང་འབོད་སྐབས།  སྒ་པ།  འབྲོང་པ། དགེ་རྒྱལ།  རག་ཤུལ།  ཟུར་མང༌།  ཡུལ་ཤུས་སོགས་བརྗོད་པ་དེ་རྣམས་ནང་ཆེན་གྱི་དཔོན་འགོ་ལས་ལོག་ཤིག་ཏུ་སེམས་པར་མི་བྱའོ།  དེ་མིན་དེང་སང་རང་གི་ལོ་རྒྱུས་དང་འབྱུང་ཁུངས་ལ་རྨོང་པ་ཁག་ཅིག་གིས།  ང་བོད་པ་མིན།  མཚོ་སྔོན་ནས་ཡིན།  ང་སྡེ་དགེ་བ་མིན།  དཔལ་ཡུལ་ནས་ཡིན།  ང་ནང་ཆེན་ཉེར་ལྔ་བ་མིན།  སྒ་པའམ་དགེ་རག་ནས་ཡིན་སོགས་བཤད་མཁན་མང་།  གོང་གི་ངོ་སྤྲོད་འདི་ལྡོང་འབྲོང་པའི་དེབ་སྨུག་ལས་བཏུས།།