༄། སྲོལ་རྒྱུན་གྱི་རི་མོ་འགའ་ལ་དཔྱད་པ།

 

                   སྲོལ་རྒྱུན་གྱི་རི་མོ་འགའ་ལ་དཔྱད་པ།

    གཅིག ཆུ་སྲིན། ང་ཚོའི་སྲོལ་རྒྱུན་རྒྱན་རིས་ནང་ཆུ་སྲིན་ཞེས་པ་དགོད་བྲོ་བའི་སྲོག་ཆགས་ཤིག་འབྲི་སྲོལ་ཡོད་པ་འདི། དོན་དངོས་ཐོག་ལོ་རྒྱུས་ཁྲོད་ཀྱི་རི་མོའི་སྒྱུ་རྩལ་པ་ཚོས་རྟོག་བློས་བཞེངས་པའི་འདྲ་གཟུགས་ཤིག་ཡིན་པ་ལས། དེང་སང་ཡོངས་གྲགས་ཀྱི་ཆུ་སྲིན་དངོས་མའི་གཟུགས་བརྙན་མིན། འདིའི་སྐོར་ལ་བོད་མིར་གཏམ་བརྗོད་ཅིག་ཀྱང་ཡོད་དེ། དེའང་སྔོན་རི་མོ་མཁས་ཅན་ཞིག་གིས་ཆུ་སྲིན་འབྲི་མ་ཤེས་ནས་མཉན་པ་དང་ལྷན་དུ་གྲུ་ལ་ཞུགས་ཏེ་རྒྱ་མཚོར་ཆུ་སྲིན་དངོས་ལ་ལྟ་བར་སོང་བ་རེད་ཟེར། དེ་ནས་རི་མོ་བས་རྒྱ་མཚོ་ལས་ཆུ་སྲིན་གྱི་མགོ་བོ་མཐོང་བ་དང་ཞེད་ཐག་ཆོད་ནས། འོ་ཡ་ད་ཤེས་སོང་། ཆུ་སྲིན་མགོ་བོ་པ་ཏྲས་བརྒྱན།། མགོ་བོ་མཐོང་ན་ལུས་དབྱིབས་གསལ།། ད་ལྟ་དགོས་རྒྱུ་མི་འདུག གྲུ་ཁ་སློག་སྟེ་ཕྱིར་ལོག་འགྲོ་ཟེར་ཆུ་སྲིན་གྱི་མགོ་ལུས་ཆ་ཚང་མ་མཐོང་གོང་ནས་མར་ལོག་འོང་བ་རེད་ཟེར། དེ་ནས་བཟུང་སྟེ་སྲོལ་རྒྱུན་གྱི་ཆུ་སྲིན་རི་མོ་ལ་ཁོག་སྟོད་ཆུ་སྲིན་ཁོག་སྨད་པ་ཏྲས་བརྒྱན་པ་ཞིག་འབྲི་སྲོལ་བྱུང་བ་རེད་ཟེར་བཤད་སྲོལ་ཡོད་རེད། འོན་ཀྱང་རི་མོ་འདི་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རྒྱན་རིས་མ་ཡིན་པར། འབྱུང་ཁུངས་དངོས་མ་བོ་གནའ་བོའི་རྒྱ་གར་ཡིན་པས། རྒྱ་གར་རང་ལ་རི་མོ་འདིའི་སྐོར་ལ་ཚིག་བཅད་ཅིག་ཡོད་པ་སྟེ། སེངྒེའི་སྡེར་མོ་གླང་པོའི་སྣ།།ཆུ་སྲིན་མཆེ་བ་སྤྲེ་འུའི་མིག།ཕག་རྒོད་རྣ་བ་ཉ་ཡི་ལུས།།སྣ་ཚོགས་རི་མོ་ཆུ་སྲིན་གཟུགས།། ཞེས་པ་དེ་རེད། ཚིག་བཅད་དེས་ང་ཚོའི་སྲོལ་རྒྱུན་རི་མོའི་ཁྲོད་ཀྱི་ཆུ་སྲིན་ཞེས་པ་སྟེ། དེའང་རྒྱབ་ཡོལ་རྒྱན་དྲུག་ནང་གི་ཆུ་སྲིན་དང་། མི་མཐུན་གཡུལ་རྒྱལ་ནང་གི་ཆུ་སྲིན་ལ་སོགས་པ་དེ་དག་ཕྱོགས་བསྡུས་རང་བཞིན་ཅན་གྱི་བློས་བསླངས་རི་མོ་ཞིག་ཡིན་པར་རྟོགས་ཐུབ། ངོ་མ་བྱས་ན་དུང་དཀར་གྱི་དགྲ་གཤེད་དུ་གྱུར་པའི་ཆུ་སྲིན་ཞེས་པ་དེ་དོན་དངོས་ཀྱི་སྲོག་ཆགས་ཆུ་སྲིན་ལས་བློས་བསླངས་ཀྱི་ཆུ་སྲིན་དེ་ཡིན་ཐབས་རྩ་བ་ནས་མེད་པས། དེའི་སྐོར་ལའང་འཁྲུལ་གཞི་དེ་ལ་བརྟེན་པའི་ནོར་འཁྲུལ་འདུག་སྙམ།

     གཉིས། རི་དྭགས་ཆོས་འཁོར། ང་ཚོ་བོད་ཀྱི་སྲོལ་རྒྱུན་རྒྱན་རིས་དང་ལྷ་ཁང་གི་ཡང་ཐོག་སོགས་ནས་ནམ་རྒྱུན་མཇལ་དུ་ཡོད་པའི་རི་དྭགས་ཆོས་འཁོར་ནི། ནང་བསྟན་ཆོས་ལུགས་ཀྱི་ངོས་ནས་བཤད་ན་རྟགས་དང་རྟེན་འབྲེལ་གྱི་ཆེ་བ་ལྡན་པའི་མཚོན་དངོས་ཁྱད་པར་བ་ཞིག་ཡིན་སྟབས། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། མཐུན་པ་སྤུན་བཞི་དང་ཚེ་རིང་རྣམ་དྲུག་སོགས་ལས་ཀྱང་གལ་ཆེ་བའི་ཆོས་ལུགས་མཚོན་དངོས་ཀྱི་སྣང་བརྙན་ཞིག་ཡིན་རེད། དེའང་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པར་བཞུགས་པ་ན། བདུན་ཐ་མའི་ཉིན་ཐ་མར་ཚངས་པ་གསེར་གྱི་གཙུག་ཕུད་ཅན་གྱིས་ཛམྦུའི་ཆུ་གསེར་ལས་གྲུབ་པའི་འཁོར་ལོ་རྩིབ་སྟོང་དང་ལྡན་པ་ཞིག་དང་། ལྷ་དབང་བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་བ་ཞིག་བཅས་མདུན་དུ་ཕུལ་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ན། སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞལ་གྱིས་བཞེས་ཏེ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བ་རེད། དེ་ཡི་ཚེ་ཛམྦུའི་ཆུ་གསེར་ལས་གྲུབ་པའི་འཁོར་ལོའི་འོད་ལ་མིག་ཆགས་པའི་རི་དྭགས་རུ་རུ་པགས་པ་གསེར་མདོག་ཏུ་སྣང་བ་གཉིས་ཀྱང་སྟོན་པའི་མདུན་གྱི་འཁོར་ལོའི་གཡས་གཡོན་དུ་འཁོད་ནས། འཁོར་ལོ་ལ་མིག་ཕྱོགས་བཞིན་ཆོས་མཉན་པ་དང་། ཡང་དེའི་ཚེ་ནམ་མཁའ་ནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་ཛམྦུའི་གླིང་ན་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་པའི་སྒྲ་བསྒྲགས་པ་རེད་ཟེར་བའི་ལོ་རྒྱུས་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་སྟོན་པས་དམ་པའི་ཆོས་འདུལ་བ་ལས། དགེ་འདུན་སྤྱི་ཡི་ལས་རྟགས་ལའང་རི་དྭགས་ཆོས་འཁོར་གྱི་རི་མོ་དགོས་པར་གསུངས་ཡོད་རེད། རི་དྭགས་ཆོས་འཁོར་མའི་ནང་གི་རི་དྭགས་དེ་ནི་མདོ་ལས་རི་དྭགས་རུ་རུ་ཞེས་བསྟན་ལ། དོན་དངོས་ཐོག་རུ་རུ་ཞེས་པ་ཀྲིཥྞསར་ཡིན་པར་བཤད། དེའང་ང་ཚོ་བོད་པ་ལྟར་ན་ཁ་ཤྭ་ཞེས་པ་དེ་ཡིན་པས། འདིའི་སྣང་བརྙན་བཞེངས་པ་ན། གཅིག་གི་མགོ་ལ་རྭ་ཡོད་པ་དང་གཅིག་གི་མགོ་ལ་རྭ་མེད་པ་ཞིག་བཞེངས་སྲོལ་ཡོད་པ་ལ་ཁུངས་ལུང་མེད་ཅིང་། ཤ་བ་ཕོ་མོ་ལྟར་ཕོ་རྭ་ཡོད་དང་མོ་རྭ་མེད་དུ་བསམ་ནས་འབྲི་བཟོ་བྱས་པ་ཡིན་ཤས་ཆེ་ནའང་། དངོས་ཡོད་གནས་ཚུལ་ཐོག་རི་དྭགས་ཁ་ཤྭ་ལ་རྭ་ཅོ་མེད་པས་དེའང་ནོར་བ་རྒྱུན་འབྱམས་སུ་བྱུང་འདུག་སྙམ།

    གསུམ། ཙི་མགོ། རང་རེ་བོད་ཀྱི་སྲོལ་རྒྱུན་རྒྱན་རིས་ཁྲོད། ཁང་པའི་ཀ་གཞུ་སོགས་ཀྱི་སྟེང་དུ་ཙི་མགོ་ཞེས་པ་ཞིག་འབྲི་སྲོལ་ཡོད་རེད། འདི་ང་ཚོའི་དམངས་ཁྲོད་ངག་རྒྱུན་ལྟར་ན་སྲོག་ཆགས་དགུ་ཡི་མགོ་བོ་ལས་ཆ་ཤས་རེ་རེ་བསྡུས་ནས་བྲིས་འོང་པའི་སྲོལ་རྒྱུན་རྒྱན་རིས་ཤིག་སྟེ། དོན་དངོས་ཐོག་སྲོག་ཆགས་འདི་ཡི་རི་མོ་རེད་ཟེར་ངོས་བཟུང་དགོས་ན་བཟུང་རྒྱུ་ཡོད་མ་རེད་ཟེར་བཤད་སྲོལ་ཡོད་རེད། འོན་ཀྱང་ངོ་མ་བྱས་ན་འདི་སྒྲ་གཅན་གྱི་གདོང་རེད། གཟའ་སྒྲ་གཅན་ལ་གདོང་ཟེར་ན་ལུས་ཟེར་ན་གཅིག་ལས་མེད་པ་སྟེ། དེའང་མགོ་ཡོད་ན་ལུས་ཡོད་མི་དགོས་པའི་དཔེ་རུ་སྒྲ་གཅན་གྱི་མགོ་དང་། ལུས་ཡོད་ན་མགོ་ཡོད་མི་དགོས་པའི་དཔེ་རུ་མཆིག་གུའི་ལུས་འཇོག་གི་ཡོད་པ་ནང་བཞིན། (མཆིག་གུ་ཞེས་པ་ཆུ་གནས་སྲོག་ཆགས་ཤིག་སྟེ། ཕར་བལྟས་ན་ལུས་ལས་མགོ་མེད་པའི་སྲོག་ཆགས་ཤིག་ཡིན།) སྒྲ་གཅན་ལ་གདོང་ངམ་མགོ་ལས་ལུས་མེད་པས། སྲོལ་རྒྱུན་རི་མོའི་ཐོག་གདོང་གི་ཟུར་གཉིས་སུ་ལག་པ་རེ་འབྲི་སྲོལ་ཡོད་པ་དེའང་ནོར་འཁྲུལ་རེད། མ་ཟད་སྒྲ་གཅན་གྱི་ཁའི་ནང་དུ་དངོས་པོ་ཞིག་བཟུང་ཡོད་པ་དེའང་ཟླ་བ་ཡིན་པ་ལས་ནོར་བུ་མིན་པས། ཁ་ཤས་ཀྱིས་ནོར་བུའི་གཟུགས་སུ་འབྲི་བ་ནི་ནོར་བ་རེད། རི་མོ་དེས་ཅི་ཞིག་མཚོན་གྱིན་ཡོད་པ་ནི་ཟླ་བ་སྒྲ་གཅན་གྱི་ཁ་ལས་གྲོལ་བར་མཚོན་པ་སྟེ། དེའང་བཀྲ་ཤིས་པའི་རི་མོའི་གྲས་སུ་བགྲང་གི་ཡོད་རེད། རྒྱན་རིས་འདིའི་འབྱུང་ཁུངས་ཀྱང་གནའ་བོའི་རྒྱ་གར་སྟེ། རྒྱ་གར་བས་ཁང་པའི་སྒོ་ཡི་ཡ་ཐེམ་ལ་འབྲི་སྲོལ་ཡོད་འདུག

     བཞི། སྐུ་གཟུགས། ས་གནས་སོ་སོ་རུ་ནང་བསྟན་ཆོས་ལུགས་དར་བ་ནས་བཟུང་། ཆོས་ལུགས་ཀྱི་མཚོན་དངོས་སུ་གྱུར་པའི་དཀོན་མཆོག་གི་སྐུ་གཟུགས་འབྲི་བཞེངས་བྱེད་པའི་བཟོ་རིག་ལག་རྩལ་ཡང་མུ་མཐུད་དེ་དར་འོང་བ་རེད། སྤྱིར་བཏང་སྐུ་བརྙན་བཞེངས་བཟོའི་བཟོ་རིག་ལག་རྩལ་འདི་དང་པོ་དཔེ་གསོན་པོ་ལ་བལྟས་ཏེ་བཞེངས་པ་ནས་རིམ་གྱིས་བཟོ་རིག་གི་ཐིག་རྩ་གཏན་ལ་ཕབ་སྟེ། གཅིག་གྱུར་གྱི་འཆར་གཞི་ལྡན་པའི་བཟོ་རིག་བསྟན་བཅོས་ཀྱིས་ཁོག་དབུབ་ནས་འཕེལ་རྒྱས་ཀྱི་ལམ་བུར་ཕྱིན་འོང་བ་ཞིག་ཡིན་པ་བཤད་མ་དགོས། འོན་ཀྱང་ཡུལ་དུས་གནས་སྐབས་ཀྱི་དབང་གིས་སྐུ་ལུས་ཀྱི་མ་གཞིའི་རུས་ཚུགས་ལྟ་བུའི་ཐིག་རྩ་དེ་གཅིག་ཡིན་ཡང་། ཤ་ཚུགས་དང་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་སོགས་ལ་མི་འདྲ་བའི་ཁྱད་ཆེན་པོ་ཡོད་དེ། རྒྱ་གར་དང་བལ་པོའི་བཟོ་བོས་བཞེངས་པའི་ལྷ་དག་ལ་ས་ཆ་དེ་དང་དེའི་མི་ཡི་ཤ་ཚུགས་དང་རྒྱན་ཆ་ལུགས་ཀྱི་ལྷད་ཞུགས་པ། རྒྱ་ནག་དང་བོད་ཀྱི་བཟོ་བོས་བཞེངས་པའི་ལྷ་དག་ལ་ས་ཆ་དེ་དང་དེའི་མི་ཡི་ཤ་ཚུགས་དང་རྒྱན་ཆའི་ཤན་ཞུགས་པ་ལྟ་བུ་རེད། དེ་ལས་ཀྱང་རྒྱ་གར་ཡུལ་དབུས་པས་འབྲི་བཞེངས་བྱས་པའི་སྐུ་གཟུགས་དག་གི་ཕྱག་ཞབས་ཀྱི་མཐིལ་དག་རྒྱ་སྐྱེགས་ཀྱི་ཁུ་བས་བྱུག་པ་ལྟ་བུའི་ཚོན་གཏོང་སྲོལ་ཡོད་པ་ནི། ས་ཆ་དེ་གའི་བུད་མེད་དག་གི་མཛེས་འཆོས་བྱེད་ཚུལ་དེ་ཆོས་ལུགས་ཁྲོད་ཀྱི་སྐུ་གཟུགས་འབྲི་བཞེངས་བྱེད་ཚུལ་གྱི་ཆོ་གའི་དཀྱུས་སུ་ཤོར་བ་སྟེ། འདིའང་ལྷམ་དཔེ་ཞྭ་ལ་བཀབ་པའི་ལས་ཀ་ཞིག་ཡིན་པར་སྣང་། སྲོལ་རྒྱུན་སྙན་གཞུང་དག་ལས། མཛེས་མའི་རྐང་པའི་སྨུག་རྩི་ཞེས་འབྱུང་བའང་རྒྱ་གར་ཡུལ་དབུས་པའི་བུད་མེད་དག་གི་རྐང་ལག་གི་མཐིལ་ན་བྱུག་པའི་སྨུག་རྩི་སྟེ། རྒྱ་སྐྱེགས་ཀྱི་ཁུ་བས་བྱུག་པ་དེ་ལ་གོ་དགོས་འདུག དེས་ན་རྒྱ་དཀར་ནག་བལ་བོད་གཉིས་སོགས་ནས་ཐོན་པའི་སྐུ་གཟུགས་འདི་དག་ཆོས་ལུགས་ཀྱི་མཚོན་དངོས་ཡིན་པ་བཤད་མི་དགོས་པའི་ཁར། མི་རིགས་སོ་སོའི་ཐུན་མིན་རིག་གནས་ཀྱི་མཚོན་དངོས་དང་ཚབ་བྱེད་རིག་རྫས་ཤིག་རེད་ཅེས་བཤད་ཀྱང་ཆོག་པར་སེམས། རྩོམ་པ་པོ། ལྷ་ཐོག་མེ་སྟག གླིང་སྲས་བོད་ཡིག་དྲྭ་ཚུགས་ཀྱིས། འཕྲིན་ཕྲན་ནས་སྦྲེལ།